ཧུང་ཡོན་རྫོང་གིས་དཔྱིད་དུས་ཀྱི་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་འགན་ལེན་བྱས།

རྩོམ་པ་པོ།   འོད་གསལ་མཚོ།དུས་ཚོད།   2020-03-23   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

        ཉེ་ཆར།ཧུང་ཡོན་རྫོང་སྦྲ་ཆེན་གྲོང་རྡལ་ཐང་རི་གྲོང་སྡེར་ཧུང་ཡོན་རྫོང་ཚན་རིག་ལག་རྩལ་དང་ཞིང་ཕྱུགས་ཅུས་ཀྱི་མི་སྣས་འབྲོག་པ་དང་མཉམ་ལས་ཁང་སོགས་ལ་ཕྱུགས་རྩྭ་སྤྲད་ནས་ཕྱུགས་རིགས་བདེ་འཇགས་ངང་དཔྱིད་བརྒལ་ཐུབ་པ་འགན་ལེན་བྱས།

ཧུང་ཡོན་རྫོང་གིས་རིམས་ནད་དང་འབྲོག་ཁུལ་གྱི་ཕྱུགས་ལས་གྱི་དོན་དངོས་ལ་གཞིགས་ནས“ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་དང་།ཕྱོགས་གཅིག་ནས་ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་བྱེད་པའི”བསམ་ཕྱོགས་གཞིར་བཟུང་།བྱེད་ཐབས་གསུམ་སྤྱད་དེ་ཕྱུགས་ལས་བརྟན་བརླིང་ངང་ཐོན་སྐྱེད་ཐུབ་པར་སྐུལ་འདེད་བཏང་བ་དང་།དབུལ་བྲལ་གནད་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཕུ་ཐག་གཅོད་པར་རམ་འདེགས་བྱས།

        གཅིག་ནས་ཕྱུགས་རིགས་བདེ་འཇགས་ངང་དཔྱིད་བརྒལ་ཐུབ་པར་འགན་ལེན་བྱས།མིག་སྔར་རྫོང་ཁོངས་སུ་ཁ་བ་འབབ་ནས་གནམ་གཤིས་ཀྱི་དྲོད་ཚད་དམའ་རུ་ཕྱིན་ཤིང་རྫོང་ཡོངས་ཀྱི་ཕྱུགས་ལས་ཐོན་སྐྱེད་དང་ཕྱུགས་རིགས་བདེ་འཇགས་ངང་དཔྱིད་བརྒལ་བར་ཤུགས་རྐྱེན་ངེས་ཅན་ཐེབས།དུས་ཚིགས་རང་བཞིན་གྱི་ཐོན་སྐྱེད་བརྟན་བརླིང་ཡོང་བ་འགན་ལེན་དང་ཕྱུགས་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ།འབྲོག་པའི་ཡོང་འབབ་འཕར་སྣོན་བྱ་ཆེད།རྫོང་ཁོངས་ཀྱི་ཕྱུགས་རྩྭའི་ཐོན་ལས་གླིང་དང་།གྲོང་སྡེ་རིམ་པའི་གནོད་འགོག་ཕྱུགས་སྲུང་རྟེན་གཞི།འདེབས་འཛུགས་དུད་ཚང་།ཕྱུགས་རྩྭ་འདེབས་འཛུགས་མཉམ་ལས་ཁང་སོགས་ཀྱིས་གཉེར་སྐྱོང་གིས་ནུས་པ་འདོན་སྤེལ་བྱས་ཏེ་རྫོང་ཡོངས་ཀྱི་རོང་འབྲོག་མང་ཚོགས་ལ་རྒུད་སྐྱོབ་གཟན་རྩྭ་ཏུན་208དུས་ཐོག་ཏུ་སྤྲད་དེ་མང་ཚོགས་ཀྱི་དཔལ་འབྱོར་གྱོང་གུད་ཇེ་ཉུང་དུ་བཏང་།

        གཉིས་ནས་ཞིང་ལས་འགན་བཅོལ་ལ་སྐུལ་འདེད་བཏང་།ཧུར་ཐག་གིས་ཀྲུང་གོ་མཁའ་འགྲུལ་ཨན་མོང་འགན་བཅོལ་ཧུང་ཡོན་ཡན་ལག་ཀུང་སི་དང་།ཡུལ་ཚོ་དང་གྲོང་རྡལ།ཚན་རྩལ་དང་ཞིང་ལས།དངུལ་རྩ་སོགས་ཀྱི་སྡེ་ཁག་ལ་མཐུན་སྦྱོར་བྱས་ནས་སྲིད་ཇུས་རང་བཞིན་གྱི་ནོར་གནག་འགན་བཅོལ་གྱི་གྱོང་གུད་གསབ་པའི་ལས་དོན་ལ་ཤུགས་སྣོན་དང་།ཞིང་ལས་འགན་བཅོལ་གྱི་འགན་སྲུང་ནུས་པ་འདོན་སྤེལ་བྱས་ཏེ་ཕྱུགས་ལས་ཐོན་ལས་བརྟན་བརླིང་ངང་འཕེལ་རྒྱས་འབྱུང་བར་ནུས་པ་བཏོན།

        གསུམ་ནས་ཞན་ཆ་དོར་ནས་ཡུན་རིང་གི་འཕེལ་རྒྱས་ལ་འཆར་འགོད་བྱས། 2020ལོར་གྲོང་གསེབ་དར་རྒྱས་དང་།གླིང་ཁུལ་འཛུགས་སྐྲུན།ཐོན་ལས་ཀྱི་རྨང་གཞིའི་སྒྲིག་བཀོད།ཐོན་ལས་འཕེལ་རྒྱས།སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་རྣམ་གྲངས་འཆར་འགོད་བྱས་ཤིང་།ཞིང་ལས་དང་ཕྱུགས་ལས་འཕེལ་རྒྱས་ཀྱི་མ་དངུལ་སྒོར་དུང་ཕྱུར་3སྡེབ་སྒྲིག་བྱས་ནས།དུས་རིམ་རྗེས་མར་དབུལ་བྲལ་གནད་སྒྲོལ་དང་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཕུ་ཐག་གཅོད་པར་རྨང་གཞི་བརྟན་པོ་གདིང་རྒྱུ་རེད་དོ།། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།