ཚེ་སྲོག་འབྱུང་རྩ་ཆུ་དང་ཆུ་ཕྲན་ཀུན།། སྲོག་ལྟར་གཅེས་ཤིང་སྲུང་སྐྱོང་བྱེད།།

རྩོམ་པ་པོ།   རྡོ་རྗེ་དཔལ།དུས་ཚོད།   2020-03-23   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

        ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་ཡིན་ཞེས་དང་། ཉི་འོད་དང་མཁའ་དབུགས། ཆུ་བཅས་ནི་འགྲོ་བ་མིའི་རིགས་ཀྱི་ཐོན་སྐྱེད་ཀྱི་ངེས་མཁོའི་རྒྱུ་རྐྱེན་གསུམ་ཡིན་ཞེས་པ་ལྟར། ཆུ་ནི་འགྲོ་བ་མིའི་རིགས་འཚོ་གཞིས་ལ་མེད་དུ་མི་རུང་བ་ཞིག་ཡིན་པས། 1993ལོའི་ཟླ་3ཚེས་18ཉིན། སྐབས་47པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཟོས་པའི《དུས་རབས་21པའི་འགུལ་སྐྱོད་གྲོས་རིམ》ཞེས་པ་ལས་བཏོན་པའི་གྲོས་གཞི་ལ་དམིགས་ནས། གྲོས་ཆོད་ཨང་193པར་གྲོས་འཆམ་བྱུང་སྟེ།1993ལོ་ནས་ལོ་རེའི་ཟླ་3པའི་ཚེས་22ཉིན་ནི་འཛམ་གླིང་གི་ཆུའི་ཉིན་མོ་རུ་གཏན་ལ་ཕབ། དེ་ནི་མི་དམངས་ཀྱི་ཆུའི་འདུ་ཤེས་ཇེ་དྲག་ཏུ་འགྲོ་བར་འབོད་སྐུལ་གཏོང་ཆེད་ཡིན་ལ། སྔར་བས་ཆུའི་ཐོན་ཁུངས་རྒྱུན་མཐུད་ངང་བེད་སྤྱོད་ཀྱི་སྒྲིག་སྲོལ་བཟོ་བའི་ཆེད་ཀྱང་ཡིན། རང་ཁུལ་གྱིས་ཆུའི་ཐོན་ཁུངས་གྲོན་ཆུང་དང་བེད་སྤྱོད། སྲུང་སྐྱོང་ལ་བརྩོན་པ་ལྷོད་མེད་བྱས་དང་བྱེད་བཞིན་ཡོད།

 རྔ་ཁུལ་མཛེས་ཤིང་ཡིད་དུ་འོང་བ་འདི།།

 ཆུ་ཡི་ཐོན་ཁུངས་ཕུན་སུམ་ཚོགས་པའི་དྲིན།།


        མདོ་དབུས་མཐོ་སྒང་དུ་ཆགས་པའི་རྔ་བ་ཁུལ་དུ་ཆུ་དང་ཆུ་ཕྲན་ལྷུང་ལྷུང་དུ་འབབ་བཞིན་རི་ལུང་ཐང་གསུམ་མཛེས་པར་སྤྲས་ཤིང་། ནང་བཅུད་ཀྱི་སེམས་ཅན་ལ་དྭངས་གཙང་གི་བདུད་རྩི་བསྩལ་ནས་སྐོམ་པའི་གདུང་བ་སེལ་བཞིན་མཆིས། རང་ཁུལ་དུ་འབྲི་ཆུ་ཡི་བཞུར་རྒྱུན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་6.69ཡོད་ཅིང་། སི་ཁྲོན་ཞིང་ཆེན་གྱི་འབྲི་ཆུ་བཞུར་རྒྱུན་གྱི་བརྒྱ་ཆ་14ཟིན་ཡོད། རང་ཁུལ་དུ་རྨ་ཆུ་སྟོད་རྒྱུད་ཀྱི་བཞུར་རྒྱུན་ལ་སྤྱི་ལེ་174དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་1.74ཡོད་ཅིང་། སི་ཁྲོན་ཞིང་ཆེན་གྱི་རྨ་ཆུ་བཞུར་རྒྱུན་གྱི་བརྒྱ་ཆ་92.5ཟིན། དེ་མིན་རྒྱལ་མོ་རྔུལ་ཆུ་དང་སྐ་ཆུ། རྨིན་ཅང་སོགས་ཆུ་བོ་530ལྷག་གི་བཞུར་རྒྱུན་ཆད་པ་མེད་ལ། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་དུང་ཕྱུར་434ཡོད་པས་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། མཛེས་ལྗོངས་གཟི་རྩ་སྡེ་དགུ་དང་གསེར་མཚོ་ཡི་མིང་ཡང་ཆུ་དང་ཆུ་ཕྲན། མཚོ་དང་མཚེའུ་ལ་བརྟེན་ནས་གྲགས་པ་ཡིན་ལ། རང་ཁུལ་དུ་ཆུའི་ཐོན་ཁུངས་བཟང་བོས་དོམ་ཁྲ་དང་སྤྲ་སེར། ཁྲུང་ཁྲུང་སྣེ་ནག་སོགས་རི་སྐྱེས་སྲོག་ཆགས་རྩ་ཆེན་500ལྷག་དང་རྩ་ཆེན་རྩི་ཤིང་རིགས་1500ལྷག་གསོས་ཤིང་བསྐྱངས་ཡོད་པས། རང་ཁུལ་ནི་འཛམ་གླིང་ལ་མིང་དུ་གྲགས་པའི་སྲོག་ཆགས་དང་རྩི་ཤིང་གི་བང་མཛོད་ཅིག་ཏུ་གྱུར་ཡོད་ལ། འབྲི་ཆུ་དང་རྨ་ཆུ་སྟོད་རྒྱུད་ཀྱི་ལྗང་མདོག་སྐྱེ་ཁམས་སྒྲིབ་དངོས་ཤིག་ཏུ་བསྐྲུན་དང་སྐྲུན་བཞིན་མཆིས།


  བོད་ཡུལ་ཆའང་སྡེའི་བུ་དང་བུ་མོ་རྣམས།།

  བཏུང་ཆུ་གཙང་མས་བསྐྱངས་འདི་ཨེ་མ་རྨད།།

       ཆུ་ནི་འགྲོ་བ་མིའི་རིགས་ཀྱི་ལུས་སུ་མེད་དུ་མི་རུང་བ་ཞིག་ཡིན་ལ། ཚན་རིག་པས་བཤད་པ་ལྟར་ན་མིའི་ལུས་ཕུང་གི་ལྗིད་ཚད་ཀྱི་བརྒྱ་ཆ་75ཆུ་ཡིས་ཟིན་ཡོད་ལ། ང་ཚོས་ལུས་ཕུང་གི་ཆུས་ཟིན་ཚད་བརྒྱ་ཆ་1ཏུ་བསླེབས་དུས། ང་ཚོར་སྐོམ་སྣང་སྐྱེ་སྲིད། བརྒྱ་ཆ་2རུ་  བསླེབས་དུས་དཀའ་སྣང་སྐྱེ་བ་དང་རྣམ་རིག་རྡིབ་པ། ཟས་ཟ་བའི་ཡིད་ཁ་མེད། ཆུ་ཟད་ནས་ཚད་ངེས་ཅན་ཞིག་ལ་ཐོན་དུས་འཆི་ངེས་པས། ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་ལྟ་བུ་ཡིན་པས། རང་ཁུལ་གྱིས་2017ལོ་ནས་བཟུང་ཆུ་བེད་དབུལ་སྐྱོར་རྣམ་གྲངས་152་དང་གྲོན་དངུལ་སྒོར་དུང་ཕྱུར་10བཏང་ནས་མི་གྲངས་ཁྲི་35.89ཡི་བཏུང་ཆུ་བདེ་འཇགས་སྲ་བརྟན་དུ་བཏང་ཞིང་། ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་བོ་ཁྲི་3.88ཡི་བཏུང་ཆུ་ཡི་དཀའ་ངལ་བསལ་ཡོད་ལ། རྫོང(གྲོང་ཁྱེར)13ཡི་དབུལ་ཞྭ་འབུད་པའི་བཏུང་ཆུ་བདེ་འཇགས་ཀྱི་དབུལ་སྐྱོར་ལས་འགན་ལེགས་པར་འགྲུབ་ཡོད། 2017ལོར་རང་ཁུལ་གྱིས་ཁུལ་ཡོངས་སུ་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ལག་ཏུ་བསྟར་ནས། ཆུ་བོ་496ལ་ཁུལ་དང་རྫོང་། ཡུལ་ཚོ་རིམ་པའི་ཆུ་དཔོན་907བསྐོས་ཤིང་། སྐྱེ་ཁམས་དབུལ་སྐྱོར་ཆུ་རྒྱུད་བདག་སྐྱོང་མི་སྣ་2865ཡིས་སྤྱི་ལེ་ཁྲི་2.6གི་ཆུ་རྒྱུད་ཉིན་མཚན་རིས་མེད་དུ་སྲུང་སྐྱོང་བྱས་དང་བྱེད་བཞིན་ཡོད་པས། རང་ཁུལ་དུ་དྭངས་གཙང་གི་ཆུ་དང་ཆུ་ཕྲན་ལྷུང་ལྷུང་དུ་འབབ་པ་དང་། མཚོ་དང་མཚེའུ་སྔོ་ལྟེམས་མེར་འཁྱིལ་ནས་སྐྱེ་འགྲོ་ཀུན་གྱི་མིག་གི་དགའ་སྟོན་དུ་གྱུར་ཡོད།

        ས་ཆུ་ཤོར་བ་ཡོད་ནའང་།།

       འཕྲལ་མར་བཅོས་སྐྱོང་ལས་ལ་ཞུགས།།

         རྒྱུས་ལོན་པ་ལྟར་ན། 2008ལོའི་བར་དུ། རང་ཁུལ་དུ་ས་ཆུ་ཤོར་ཚད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་4.65ཡོད་ཅིང་། ཉིན་རེ་བཞིན་ས་ཆུ་ཤོར་ཚད་ཇེ་དྲག་ཏུ་འགྲོ་བཞིན་ཡོད་པས། རང་ཁུལ་ས་ཆུ་བཅོས་སྐྱོང་གི་ལས་ལ་དུས་ཐོག་ཏུ་ཞུགས་ཏེ། ཁུལ་ཡོངས་སུ་གྲོན་དངུལ་སྒོར་དུང་ཕྱུར་6.35བཏང་སྟེ། ཆུ་ཆུང་འབྲིང་བཅོས་སྐྱོང་གི་རྣམ་གྲངས་27ལག་ཏུ་བསྟར་ནས་ས་ཆུ་ཤོར་ཚད་སྤྱི་ལེ་གྲུ་བཞི་མ་262.77བཅོས་སྐྱོང་བྱས་ཤིང་། གྲོན་དངུལ་སྒོར་7100བཏང་སྟེ་རི་ཉིལ་ཆུ་ལོག་གི་ལྟ་ཞིབ་ཚད་ལེན་ཉེན་ཟོན་མ་ལག་དང་ཆུ་ཆུང་འབྲིང་གི་ལྟ་ཞིབ་ཚད་ལེན་ས་ཚིགས་སྲུང་སྐྱོང་བྱས། དེ་མིན་ཆུ་རགས་ལས་གཞི་དང་ས་ཆུ་ཤོར་བ་བཅོས་སྐྱོང་ལས་གཞི། ཆུ་སྐམ་གནོད་འཚེ་སེལ་བའི་ལས་གཞི་སོགས་དམ་འཛིན་བྱས་ཏེ་ཆུ་ཁུངས་བདག་སྐྱོང་བྱས་ཡོད་དེ། ཁུལ་ཡོངས་སུ་རིམ་རྩིས་བྱས་ན་ཆུ་བེད་རྣམ་གྲངས་ལ་སྒོར་དུང་ཕྱུར་19.16བཏང་སྟེ། ཆུ་བེད་ལས་གཞི་1907ལེགས་པར་བསྐྲུན་ཅིང་། གཞི་ཁྱོན་ཡན་གྱི་ཆུ་བེད་ལས་གཞི་228དེ་ཞིང་ཆེན་རིམ་པའི་རྒྱལ་ཁབ་ས་ཆའི་འཆར་འགོད་ཁེ་བེད་བདག་ཐོབ་ཀྱི་ནང་དུ་ཚུད་ཡོད་པས། རང་ཁུལ་གྱི་ཆུའི་ཐོན་ཁུངས་སྲུང་སྐྱོང་ལ་ནུས་པ་ཆེན་པོ་ཐོན་ངེས།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།