ལོ་ཡག་ཤོག ལོ་ཡག་ཤོག

རྩོམ་པ་པོ།   བཙན་མི། དུས་ཚོད།   2020-03-23   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

མུན་པའི་འཇིག་རྟེན་གྱི་མདུད་པ་གྲོལ་ཏེ།

ཡུན་རིང་རྨིས་པའི་རྨི་ལམ་འཁྲུལ་སྣང་གི་ཕྱི་རོལ་ཏུ་ལོག་སྟེ།

ངུ་བྲོ་བ་དང་སྐྱུག་མེར་བ།

ཞེ་སྡང་བ་སོགས་སེལ་བར་གྱུར་ཏེ།

ལོ་ཡག་ཤོག ལོ་ཡག་ཤོག

ཁ་བྲལ་བའི་མ་དང་བུ་འཕྲད་པར་གྱུར་ཏེ།

ལམ་གྱི་སྣེ་མོ་སླར་ཡང་སྐྱེ་བ་གཅིག་ཏུ་ཟུག་སྟེ།

སྡུག་བསྔལ་བ་དང་ཡིད་སྐྱོ་བ།

དྲན་པས་གདུང་བ་སོགས་བྲལ་བར་གྱུར་ཏེ།

ལོ་ཡག་ཤོག ལོ་ཡག་ཤོག

སྒྱུ་རྩལ་གྱི་མཛེས་པ་དག་མངོན་སུམ་ལ་གྱུར་པ་དང་།

གམ་གྱི་མེ་ཏོག་སྣང་བརྙན་ནང་གི་བུ་མོར་གྱུར་ཏེ།

སེམས་དང་སེམས།

ཆུ་དང་ཆུ་བཞིན་འདྲེས་པར་གྱུར་ཏེ།

ལོ་ཡག་ཤོག ལོ་ཡག་ཤོག

འགྲོ་བ་ཡོངས་ལ་གཏན་དུ་ལོ་ཡག་ཤོག