རང་བྱུང་ཁམས་ལ་བརྩི་སྲུང་དང་། ཚེ་སྲོག་ལ་གཅེས་སྤྲས་བྱ་དགོས།

རྩོམ་པ་པོ།   རིག་ལྡན།དུས་ཚོད།   2020-03-23   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

        ཐེངས་འདིའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་བརྒྱུད། མི་རྣམས་ཀྱིས་རང་བྱུང་ཁམས་ལ་བརྩི་སྲུང་དང་ཚེ་སྲོག་ལ་གཅེས་སྤྲས། འགྲོ་བ་མི་དང་རི་སྐྱེས་སྲོག་ཆགས་ཀུན་གྱི་ཐུན་མོང་གི་ཁྱིམ་གཞིས་ཏེ་སའི་གོ་ལ་འདི་ལ་སྲུང་སྐྱོང་བཅས་ཀྱི་ཐད་གསར་དུ་བསམ་མནོ་གཏོང་བཞིན་ཡོད།

         ཉེ་བའི་ལོ་ཤས་རིང་ལ་མེ་དགྲ་ཆུ་དགྲ་ས་དགྲ་ལ་སོགས་པའི་རང་བྱུང་གི་གནོད་འཚེ་བསྟུད་མར་བྱུང་དང་འབྱུང་བཞིན་ཡོད་པ་ཐམས་ཅད་འགྲོ་བ་མི་ཡིས་རང་བྱུང་གི་འཇིག་རྟེན་ཆོས་ཉིད་འཕེལ་རིམ་ལ་འདོད་པ་ཡོད་པའམ་མེད་པ་གང་རུང་གི་སྒོ་ནས་གཏོར་བརླག་བཏང་བ་དང་རི་སྐྱེས་སྲོག་ཆགས་རང་དགར་གྱིས་བསད་པ་དང་འབྲེལ་བ་དམ་པོ་ཡོད་པར་སྙམ། འབྲོག་སར་ཨ་བྲ་མང་བའི་གནས་ཚུལ་ཚབས་ཆེ་བས། གཡུ་ཡི་མཎྡལ་བྱུག་པའི་རྩྭ་ས་ཕྱུག་མོ་དེ་མྱ་ངམ་བྱེ་ཐང་ལ་འགྱུར་བཞིན་ཡོད་ཅིང་། འབྲོག་པའི་འཚོ་གནས་ཀྱི་ཁོ་ར་ཁོར་ཡུག་ཇེ་ཆུང་ཇེ་སྡུག་ལ་འགྱུར་ཚུལ་འདི་ལ་འདང་རེ་བརྒྱབ་ན་ཇི་འདྲའི་འཇིགས་སུ་རུང་བ་ཞིག་མ་ཡིན་ནམ།

          ཨོ་སི་ཁྲུ་ལི་ཡའི་ཆེད་ལས་མཁས་པས་བརྟག་དཔྱད་བྱས་པ་ལས་ཤེས་གསལ་བྱུང་བར། ལོ་གཅིག་གི་རིང་ལ་ཨ་བྲ་གཅིག་ནི་ཨ་བྲ་60ལྷག་ཏུ་འཕེལ་སྲིད། འཕེལ་ཚུལ་དེ་ལ་དམིགས་ན་འགྲོ་བ་མི་ཡང་མཐའ་ཐུག་ཨ་བྲས་བརླག་པའི་ཉེན་ཁ་ཆེ། འོ་ན་ཨ་བྲ་དེ་ལྟར་འཕེལ་བའི་འབྱུང་རྐྱེན་གང་ལགས་ཤེ་ན། གཙོ་བོ་སྐྱེ་དངོས་འཕེལ་རིམ་གྱི་དོ་མི་མཉམ་པའི་རྐྱེན་གྱིས་ཡིན་པར་སེམས། ཝ་ལྤགས་ལེན་པའི་ཆེད་དུ་ཝ་ཆེ་ཆུང་དང་བཟང་ངན་གང་ཡང་མི་བལྟ་བ་རང་དགར་གྱིས་བསད་པ་དང་། ལག་ལ་བོའུ་འཛིན་མཁན་སུ་དང་སུ་ཡིན་རུང་དེ་དག་གིས་བསམ་བཞིན་དུ་གནམ་ལ་འཕུར་བཞིན་པ་དང་བྲག་ལ་བབ་ཡོད་པ། ཡང་ན་གློག་ཀའམ་གློག་སྐུད་གང་རུང་ན་བབ་ཡོད་པའི་བྱ་གླག་ཇི་སྙེད་རྩེད་མོའི་ཚུལ་དུ་བསད་པས་བྱ་གླག་ཕལ་ཆེར་རྨེག་མེད་དུ་གཏོང་བའི་ཚུལ་ལ་གནས།

         གཞན་ཡང་འབྲོག་སའི་སྤྱང་ཀིའང་ཕལ་ཆེར་རྩ་མེད་དུ་གཏོང་བའི་ཚུལ་ལ་གནས། སྤྱང་ལྤགས་ཀྱི་དགོས་མཁོ་ནི་ཝ་ལྤགས་འདྲ་མི་ཆེ་བ་དང་མཐའ་ན་དེའི་ཤ་ཡང་བཟའ་མཁན་ཕལ་ཆེར་མེད་མོད། སྤྱང་ཀི་ཞིག་དང་ཐུག་པའི་མི་སུ་དང་སུ་ཡིན་རུང་ཚང་མས་ཀི་ཅོ་ཡི་སྒྲ་དང་སོད་ཅིག་གི་སྒྲ་མི་འདོན་མཁན་གཅིག་ཀྱང་མེད། ཞིབ་འདང་རེ་བརྒྱབ་ན་སྤྱང་ཀིས་མི་དང་མི་ཡི་སྒོ་ཕྱུགས་ལ་གནོད་འཚེ་གཏོང་བའི་རྐྱེན་གྱིས་ཡིན། ཝ་དང་བྱ་གླག་སྤྱང་ཀི་སོགས་རང་བྱུང་གི་དགྲ་ཡ་བསད་པའི་དམིགས་ཡུལ་གྲུབ་མོད། ཨ་བྲ་འཕེལ་བའི་སྣང་ཚུལ་གྱིས་འགྲོ་བ་མི་ལ་གནོད་འཚེ་ཐེབས།

           ཡིན་ན་ཡང་ཉེ་བའི་ལོ་ཤས་རིང་ལ་ཏང་དང་སྲིད་གཞུང་གིས་རྩྭ་ཐང་བྱེ་འགྱུར་ཐད་ལ་ཚད་མཐོན་པོས་མཐོང་ཆེན་བྱས་ཏེ། བྱེ་བཅོས་ཐད་ཀྱི་ཆེད་དངུལ་བཏང་ཞིང་དོ་དམ་བྱེད་མཁན་གྱི་ལས་ཁུངས་དམིགས་སུ་བཙུགས་པས་གྲུབ་འབྲས་ཀྱང་མི་དམན་པ་ཐོབ། མཛོད་དགེ་རྫོང་གིས་མྱ་ངམ་གྱི་བྱེ་ཐང་མུའུ་1000ལྷག་ལ་སྐྱེ་དངོས་སྒྲིབ་ཡོད་ཀྱི་བྱེ་བཅོས་ཚན་རྩལ་ཚོད་ལྟ་བྱས་ཚུལ་ལ་དམིགས་ན། ལོ་ངོ་གསུམ་ཡས་མས་ཀྱི་འཕྲོ་ན་ཚོད་ལྟ་དེ་ལ་གྲུབ་འབྲས་དགའ་འོས་པ་ཞིག་འཐོབ་པའི་ཆ་རྐྱེན་དང་ནུས་པ་འཛོམས་སྲིད་ཅེས་བརྗོད།

            དེ་བཞིན་དུ་ཚང་ཚིང་འཁྲིགས་པའི་ནགས་ཚལ་ལོ་དུ་མའི་རིང་ལ་འདོད་པའི་མགུ་དབང་བསྐང་རྒྱུ་མེད་པར་བཅད་པས། མཐིང་མདོག་གི་ཕ་ཡུལ་དེ་སྐྱ་མདོག་ཏུ་གྱུར་ཅིང་ཐ་ན་བྱེ་ཐང་ལ་གྱུར་བའི་རྐྱེན་གྱིས་ཆར་བ་ཆེ་མ་ཆུང་གསུམ་གང་རུང་བབ་ན་ཆུ་ལོག་གམ་འདམ་རྡོའི་ཆུ་རུད་མཚམས་མ་ཆད་པར་ལོ་རེ་རེ་བཞིན་དུ་བྱུང་དང་འབྱུང་བཞིན་ཡོད། རི་སྐྱེས་སྲོག་ཆགས་ཇི་སྙེད་གནས་ཡུལ་མེད་ཅིང་འཚོ་གནས་དབེན་པར་གྱུར་པ་དང་། དེ་དག་གི་ཤ་ལ་འདོད་རྔམས་ཞེན་ཆགས་ཆེ་བའི་དབང་གིས་ལ་ལ་རྩ་མེད་བཏང་ཞིང་ལ་ལ་རྩ་བརླག་གཏོང་བའི་ཉེན་ཁར་ཐུག རྒྱུ་མཚན་དེའི་རྐྱེན་གྱིས་འགྲོ་བ་མི་ལ་སྨན་གྱིས་གསོ་ཐུབ་པའམ་མི་ཐུབ་པའི་ནད་ཡམས་རིགས་འདྲ་མིན་བྱུང་སྟེ་སྡུག་བསྔལ་གྱིས་མནར་བ་རྒྱུན་མ་ཆད། ཡང་རྒྱུ་མཚན་དེའི་རྐྱེན་གྱིས་འཛམ་གླིང་གི་ས་གནས་ཁ་ཤས་སུ་སྲོག་ཆགས་གཞན་ལའང་དེ་ཡིན་འདི་ཡིན་མི་ཤེས་པའི་ནད་ཡམས་འདྲ་མིན་བྱུང་སྟེ་ལ་ལ་ནི་མི་ལ་འགོ། ལ་ལ་ནི་སྲོག་ཆགས་ཕན་ཚུན་བར་ལ་འགོ་བ་དང་། ཐ་ན་འབུ་ཆ་ག་པ་ལ་སོགས་པའི་གནོད་འབུ་གང་མང་གིས་འགྲོ་བ་མི་ལ་འདུག་བཟོད་མེད་པའི་གནོད་འཚེ་ཚབས་ཆེན་ཐེབས།

           གནས་ཚུལ་དེར་བརྟེན་ཉེ་བའི་ལོ་འགའི་རིང་ལ་རང་རྒྱལ་གྱིས《རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོང་བཅའ་ཁྲིམས》དང《སྲོག་ཆགས་རིམས་འགོག་བཅའ་ཁྲིམས》ལ་སོགས་པའི་བཅའ་ཁྲིམས་རབ་དང་རིམ་པ་བཀོད་པ་དང་། ད་ལོའི་ཟླ་2པའི་ཚེས་24ཉིན། རྒྱལ་ཡོངས་དམངས་འཐུས་ཀྱིས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཅུ་དྲུག་པ་འཚོགས་ཏེ། ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་འཚོང་བར་ཕྱོགས་ཡོངས་ནས་བཀག་འགོག་གཏོང་དགོས་པ་དང་རི་སྐྱེས་སྲོག་ཆགས་ཀྱི་ཤ་རང་དགར་གྱིས་བཟའ་བའི་སྲོལ་ངན་རྨེག་མེད་དུ་གཏོང་དགོས་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་ངེས་པར་ཁག་ཐེག་བྱེད་དགོས་པའི་ཆོད་དོན་གྲོས་འཆམས་བྱུང་སྟེ་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས་མཐེ་བོ་བསྒྲེངས་ཏེ་གཟེངས་བསྟོད་བརྗོད།

           ཡིན་ན་ཡང་མི་ཁ་ཤས་ཀྱིས་རང་བྱུང་ཁམས་ལ་བརྩི་སྲུང་བྱེད་པ་དང་རི་སྐྱེས་སྲོག་ཆགས་ལ་གཅེས་སྤྲས་བྱ་དགོས་པ་དེ་སྣང་མེད་དུ་བཏང་སྟེ། རི་སྐྱེས་སྲོག་ཆགས་གང་འདོད་ཀྱིས་གསོད་པ་དང་ནགས་ཚལ་གང་འདོད་ཀྱིས་གཅོད་པའི་གནས་ཚུལ་ད་དུང་བསྟུད་མར་བྱུང་དང་འབྱུང་ཡོད་པས་མི་སུ་དང་སུ་ཡིན་རུང་ཚང་མས་སྣང་ཚུལ་དེ་ལ་བཀག་འགོག་དང་ཞུ་གཏུག་བྱེད་རྒྱུ་གལ་ཆེའོ། །

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།