རྟའུ་པ། རིམས་ནད་གཡུལ་ལས་རྒྱལ་བའི་དཔའ་བོ།

རྩོམ་པ་པོ།    ཨ་སྔགས་ཚེ་རིང་བཀྲ་ཤིས།དུས་ཚོད།   2020-03-23   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

རྩོམ་སྒྲིག་པའི་གཏམ།

          བརྩེ་ལྡན་གྱི་ཀློག་པ་པོ་རྣམས་ཀྱི་སྙན་དུ་ཞུ་རྒྱུར། ད་ཐེངས་ཀྱི་གཟའ་སྤེན་པའི་སྤེན་སྐྱིད་སྒྱུ་རྩལ་གྱི་ལེ་ཚན་དུ་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་བྲིས་པའི་རྟའུ་པ་རིམས་ནད་གཡུལ་ལས་རྒྱལ་བའི་དཔའ་བོ། ཞེས་པའི་ཁམས་དཀར་མཛེས་རྟའུ་ཡིས་རིམས་ནད་བཅོས་སྐྱོང་གི་བྱ་བར་གྲུབ་འབྲས་གཡུར་དུ་ཟ་བར་བླངས་པར་དགའ་བ་གཟུགས་ཅན་བཞིན་དུ་སྐྱེས་པ་ཤར་མར་བྲིས་པའི་སྙན་རྩོམ་ཞིག་དང་། ཛམ་ཐང་བ་ལྕགས་མདའ་ཡིས་བྲིས་པའི་ཁྱེད་རྣམས་དང་ཁྱེད་རྣམ་པ་ཞེས་པའི་བརྡ་དག་ཤེས་བྱ་ཞིག་སྟེ། རྩོམ་གཉིས་བཀོད་སྒྲིག་བྱས་ཡོད། འདིས་ཀྱང་ཁྱེད་ཀྱི་གཟའ་མཇུག་གི་འཚོ་བ་ལ་ཤེས་རབ་ཀྱི་ཁ་དོག་གསར་བ་ཞིག་སྣོན་ཐུབ་པའི་སྨོན་འདུན་ཞུ། 

        ཁམས་ཀྱི་རྟའུ་ནི་བདག་གི་སྙིང་ཁོང་རུས་པའི་གཏིང་ནས་ནམ་ཡང་གཅེས་པར་འཛིན་པའི་ཕ་ཡུལ་གཉིས་པ་ཡིན།

        ཏག་ཏག་ཆིག་སྟོང་དགུ་བརྒྱ་གྱ་དྲུག་གི་ལོ་སྟེ་ད་ཕན་ལོ་ཡི་འཁོར་མོ་སོ་བཞིའི་སྔོན་དུ། བཅུ་དྲུག་ལང་ཚོ་རྒྱས་པའི་ང་ཚོ་གདོང་དམར་ཅན་གྱི་གཞོན་ནུ་ཕོ་མོ་ཚོ་གཅིག་ཡབ་མེས་ཀྱི་ལྔ་ཕྲག་རིག་པའི་རྩི་བཅུད་རོལ་ཕྱིར། ཁམས་ཕྱོགས་ཀྱི་ས་ཁོད་ཡངས་ཤིང་དྲོ་གྲང་རན་པ། ལོ་ཏོག་འབེལ་ཅིང་སིལ་ཏོག་རྒྱས་པ། རོང་འབྲོག་ཟས་བཅུད་འཛོམས་ཤིང་ཁོར་ས་ཁང་ཁྱིམ་མཛེས་པ། ཡུལ་མིའི་གཤིས་རྒྱུད་བཟང་ཞིང་བྲོ་རྩེད་གླུ་ལེན་དགའ་བའི་གནས་ཏེ།  ས་པད་མ་འདབ་བརྒྱད་ཅན་གྱི་རྟའུ་གྲོང་དུ་སླེབས།

       བགྲང་བྱ་བཞིའི་རིང་ལ་ནས་དེའུ་ཕྱུག་མོའི་མདུན་དུ། ཤེལ་ཆུ་སྔོན་མོའི་འགྲམ་དུ། ཉ་མཚོ་དགོན་པའི་དུང་སྐད་ལྷང་ལྷང་ཐོས་བཞིན། རྣམ་རྒྱལ་མཆོད་རྟེན་གྱི་གཟི་འོད་ཆེམ་ཆེམ་མཐོང་གིན། གྲོ་ནས་སྲན་གསུམ་དང་སིལ་ཏོག་ཀུ་ཤུའི་དྲི་ཞིམ་སྣོམ་བཞིན། ང་ཚོས་རིག་པ་འབྱུང་བའི་མ་མ་སྟེ། བཅུ་ཕྲག་རིག་གནས་པདྨ་དཀར་པོའི་ཚལ་ཞེས་མཚན་གྱི་སྙན་པ་རབ་ཏུ་གཡོས་པའི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དྲོད་མོའི་པང་ནས། དགེ་བའི་བཤེས་གཉེན་རྣམས་ཀྱི་ཤེས་ཡོན་དང་བྱམས་བརྩེ་ཟུང་དུ་སྦྲེལ་བའི་དཀར་པོ་འོ་མའི་རྒྱུན་བཟང་ཅི་ནུས་རོལ་བས། མི་ཚེ་དོན་ཡོད་བྱེད་པའི་ཤེས་རིག་གི་གཤོག་རྩལ་རྒྱས་འགོ་བརྩམས་ཤིང་གདོས་བཅས་ཀྱི་ལང་ཚོའི་གཟུགས་ཕུང་ཡང་རིམ་གྱིས་བརྟས། གཞན་ཡང་བརྗེད་དུ་མེད་པའི་ཕོ་མོའི་བར་གྱི་བསླད་མེད་བརྩེ་དུང་གི་མངར་ཁའང་དུས་དེ་ནས་ཐོག་མར་མྱངས……

       མདོར་ན་རྟའུ་ནི་ང་ཚོའི་ལྟེ་ཁྲག་འཕོས་ས་མིན་རུང་། མི་ཚེ་ནང་གི་ཆེས་མཛེས་སྡུག་ལྡན་པའི་ལོ་ཟླ་བསྐྱལ་ས་ཡིན་པས། དེ་དང་གྱེས་ཕྱག་ཕུལ་ནས་ཡུལ་གང་ལ་ཕྱིན་ཡང་ལོ་ཅི་ཙམ་འགོར་རུང་། དྲན་འཛིན་གྱི་རྩིབས་ངོས་སུ་རྟའུ་ཡི་མཛེས་ལྗོངས་དང་ཡུལ་མི་རྣམས་ཀྱི་བྱམས་པའི་འཛུམ་དང་བརྩེ་བའི་མདངས་ནི་རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་གསལ་ལེར་དོད་ཡོད་པས། ནམ་ཡིན་ཡང་བརྗེད་པ་ག་ལ་སྲིད།

       རེད་ཡ། ཡུལ་དེ་ནས་ཐོན་པའི་བདག་དང་བདག་འདྲ་བས་རྟའུ་ཞེས་བརྗོད་པ་ལ་དུང་ཞེན་དང་རྒྱུས་མངའ་ཅི་བས་ཆེ་བ་སྨྲ་མི་དགོས་མོད། ཡུལ་གཞན་དང་གཞན་གྱི་ཤ་རུས་གཅིག་པའི་སྤུན་ཟླ་རྣམས་ལ་མཚོན་ན། ཁམས་ཀྱི་རྟའུ་ནི་ཏོག་དབྱིབས་གསར་པའི་གློ་ཚད་རིམས་ནད་ཅེས་པའི་སྲིན་པོ་མགོ་དགུ་འདི་ལ་བརྟེན་ཏེ་མི་འདོད་བཞིན་དུ་རིམ་གྱིས་རྒྱུས་ལོན་ཞིང་ཞེ་ལ་བཏགས་པ་རེད།

       དམིགས་བསལ་གྱི་དུས་སྐབས་དེར་རིམས་ནད་ཀྱི་གདུག་རྩུབ་ཡུལ་རྟའུ་ལ་མཆེད་ཅིང་། ནད་ཀྱིས་ཟིན་པའི་མི་གྲངས་ཉི་མ་རེ་རེ་བཞིན་ཇེ་མང་དུ་འགྲོ་བ་ཐོས་ཚེ། བདག་དང་བདག་འདྲ་ཡུམ་ཆེན་རྟའུ་ཡི་དྲོད་མོའི་རུམ་ནས་ཐོན་པའི་མི་རྣམས་ཀྱི་སྙིང་ལ་བཟོད་བསྲན་དཀའ་བའི་ཚ་ཤར་རེ་རེ་རྒྱུག་ཅིང་། ཤུ་རིང་རེ་རེ་འདེབས་བཞིན་རིམས་ནད་མྱུར་དུ་ཡལ་བའི་སྨོན་ལམ་ཁོག་ནས་ཡང་ཡང་བཏབ།

       སྤྱིར་ན། ཏོག་དབྱིབས་རིམས་ནད་འདི་ཀོ་རང་རྒྱལ་གྱི་ཞིང་ཆེན་དང་གྲོང་ཁྱེར་སོ་གཅིག་ལ་མཆེད་ཅིང་། འཛམ་བུ་གླིང་ན་ཀྲུང་གོ་མ་ཟད་རྒྱལ་ཁབ་གཞན་བརྒྱད་ཅུ་ཉེ་བ་ལའང་འགོས་ཡོད་པས་ན། མི་ཁྲི་ཁྲི་འབུམ་འབུམ་མི་བསྲུན་གློ་ཚད་ནད་ཀྱིས་ཟིན་པའི་དབུགས་འགག་གི་མནར་གཅོད་དང་། འཆི་བདག་ཞགས་པས་བཏབ་པའི་སེམས་ཀྱི་འཇིགས་སྐྲག གཉེན་ཉེ་གཏན་དུ་བྲལ་བའི་ཡིད་ཀྱི་སྡུག་བསྔལ་དཔག་ཏུ་མེད་པ་འདྲ་མཉམ་དུ་མྱངས་དང་མྱོང་བཞིན་ཡོད་པས། ང་ཚོས་རྟའུ་རྟའུ་ཞེས་ཉེ་རིང་བྱེད་དགོས་དོན་ཆེར་མེད་མོད། འོན་ཏེ་ཤ་ཁྲག་གཅིག་ཏུ་འདྲེས་པའི་རང་ཕྱོགས་ལ་ཞེན་ཆགས་ཅི་བས་ཆེ་རྒྱུ་ནི་སོ་སྐྱེ་ཐ་མལ་པའི་རྒྱུན་ལྡན་གྱི་གཤིས་ལུགས་ཤིག་ཡིན་པས་ན། རྟའུ་ཡུམ་ཆེན་གྱི་ལུས་ལ་རྨ་ཁ་བྱུང་ན་ང་ཚོའི་བུ་ཕྲུག་གི་སེམས་སུ་ཁྲག་ཐིགས་མི་འབབ་པའི་རང་དབང་བྲལ།

       དེ་ཡང་ཇི་སྐད་དུ། འགྲོ་བ་མི་ནི་ནད་ཡམས་དང་འཐབ་རྩོད་ཁྲོད་ནས་འཚར་ལོངས་བྱུང་བའི་མཐོ་རིམ་གྱི་སྲོག་ཆགས་ཤིག་ཡིན་ཞེས་བརྗོད་པ་ལྟར། འདས་སོང་གི་ལོ་རྒྱུས་ནང་དུ། རང་བྱུང་ཁམས་ཆེན་པོའི་གོད་ཆགས་དང་གནོད་འཚེ་སྟེ། སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ཉེར་གསུམ་ལོ་དང་། སྤྱི་ལོ་ཆིག་སྟོང་དགུ་བརྒྱ་གྱ་གཅིག་ལོར་རིམ་བཞིན་བྱུང་བའི་སྲིད་ན་གྲགས་པའི་ས་འགུལ་ཆེན་པོས་རྟའུ་ཕྱོགས་ཀྱི་ཁང་ཁྱིམ་ཕལ་མོ་ཆེ་ཐང་མར་བསྙིལ་ཞིང་། ཡུམ་ཆེན་རྟའུ་ཡི་བུ་དང་བུ་མོ་ཧ་ཅང་མང་པོའི་གཅེས་པའི་ཚེ་སྲོག་ཤོར་བ་སོགས་བརྗེད་པར་དཀའ་བའི་རྨ་ཁ་བཟོས་མྱོང་རུང་། མུན་ནག་ཇི་ལྟར་སྟུག་ན་སང་ཞོགས་ཀྱི་སྣང་བ་དེ་ལྟར་གསལ་བའི་ཆོས་ཉིད་བཞིན། སྐབས་དེར་རྟའུ་པས་རེ་ཆད་ཀྱི་འོ་དོད་འབོད་མ་མྱོང་ལ། འུ་ཐུག་པའི་སྨྲེ་སྔགས་ཀྱང་འདོན་མ་མྱོང་པ། མཐའ་ན་ལས་དབང་ལ་འཁང་ར་དང་འཚོ་བ་ལ་ལེ་བདའ་ཙམ་ཡང་མ་བྱས་པར། དཔྲལ་བའི་རྔུལ་ནག་ཕྱག་གིས་ཕྱིས་ཤིང་སྐྱོ་བའི་མཆི་མ་ཁོག་ཏུ་མིད་དེ་སྔར་ལས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་དཀའ་བ་བརྒྱ་དང་ངལ་བ་སྟོང་། ཐེབས་པའི་གནོད་དང་འཕྲད་པའི་རྐྱེན་སོགས་རང་རང་གི་འཇོན་པོའི་ནུས་དང་སྤོབས་པའི་ཤུགས་སུ་བསྒྱུར་ནས། སྔར་ལས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་འཛུགས་བསྐྲུན་བྱས་ཡོད་པ་བཞིན། དེང་ཡང་ཏོག་དབྱིབས་ནད་དུག་རེ་ཞིག་གདུག་རྩུབ་ཇི་ལྟར་ཆེ་ཡང་། འགོག་སྲུང་གི་དཀའ་ངལ་དེ་ཙམ་ལྗིད་རུང་། རྐྱེན་ངན་ལ་རྒོལ་བའི་ཆོད་སེམས་དང་གཡུལ་ལས་རྒྱལ་བའི་སྤོབས་པ་ནི་རྟའུ་པའི་ཁྲག་རྒྱུན་ནང་ལ་རང་ཆས་སུ་མངའ་བའི་སྟེང་དུ། དུས་རབས་གསར་པའི་ཏང་སྲིད་བཟང་པོའི་མགོན་སྐྱབས་དང་། ཚན་རིག་འཕྲོད་བསྟེན་གྱི་སྡོང་གྲོགས། འཚོ་མཛད་སྨན་པ་ཡི་ལྷག་བསམ། སྒེར་ངོས་སམ་ཚོགས་པའི་རོགས་དན། གཞན་ཡང་། འཛམ་གླིང་གང་སར་གནས་པའི་གདོང་དམར་ཤ་རུས་གཅིག་པའི་སྤུན་ཟླ་ཡོངས་ཀྱིས་སྙིང་ཁོང་རུས་པའི་གཏིང་ནས་རྩ་གསུམ་དཔང་དུ་བཅོལ་བའི་སྨོན་འདུན་ཤུགས་དྲག་ཡོད་གཤིས།  

    བདག་གིས་ནམ་ཡང་ཞེན་ཀྱང་ཆགས་པའི་མཛེས་ལྡན་གྱི་ཕ་ཡུལ་གཉིས་པ་སྟེ་ཁམས་ཀྱི་རྟའུ་ནི། རིམས་ནད་ལས་མྱུར་དུ་ཐར་བའི་ཡིད་ཆེས་རང་གཞན་སུ་ལ་ཡང་ལྷོད་མ་མྱོང་ལ་ལྷོད་ཀྱང་ག་ལ་དགོས་ཏེ། རྒྱུ་མཚན་ནི། རྟའུ་པ་རྣམས་གནའ་ནས་ད་བར་རང་བྱུང་ཁམས་ཀྱི་གནོད་འཚེ་གང་མང་བརྒྱུད་རུང་། དཔའ་ཞིང་མཛངས་པའི་དབུ་འཕང་ནམ་ཡང་སྒུར་མ་མྱོང་བ་དང་། དཀའ་སྡུག་གདོང་གཏད་ཀྱི་སྤོབས་པ་བརྟན་ཞིང་བགེགས་སྐྱོན་ཟློག་སེལ་གྱི་ཉམས་མྱོང་གང་མང་བསགས་ཡོད་པ་སོགས། མདོར་ན་ཁོང་ཚོ་ནི་ས་ཆེན་ཨ་མའི་ཕྲག་གོང་ན་འཚོ་ཞིང་བཞེས་པའི་གདོང་དམར་ཅན་གྱི་ཆེས་ཕུལ་དུ་བྱུང་བའི་བུ་རབས་ཚ་རྒྱུད་ཡིན་པའི་ཕྱིར་རོ།།

       ཉོན་དང་། འགོག་སྲུང་དང་སྨན་བཅོས་ཀྱི་ལས་ལ་འབད་པ་ལྷོད་མེད་བྱས་པས། ཉི་མ་དེ་རིང་། རིམས་ནད་གཡུལ་ལས་རྒྱལ་བའི་ཀི་ཀི་བསྭོ་བསྭོའི་འབོད་སྒྲས་ཁམས་ཀྱི་རྟའུ་ཡི་བར་སྣང་ཁེངས་སོང་།

       ལྟོས་དང་། སྤོབས་པའི་དབུ་འཕང་དགུང་དུ་བཏེགས་ཤིང་གཟི་མདངས་སྔར་ལས་རྒྱས་པའི་རྟའུ་པ་རྣམས་ཀྱིས། དཔྱིད་ཀྱི་དཔའ་མོས་དྲངས་པའི་ལྷ་དར་དཀར་པོ་སྐེ་ལ་བསྒྲོན་ནས་རྒྱུན་ལྡན་གྱི་ཐོན་སྐྱེད་ངལ་རྩོལ་དང་བདེ་སྐྱིད་ཀྱི་འཚོ་བར་སླར་ཡང་ཞུགས་མགོ་བརྩམས།  

       ཡ་ང་བའི་རིམས་ནད། ཛ་དྲག་པའི་འགོག་རྒོལ། ཏང་སྲིད་དབུ་ཁྲིད་ཀྱི་ཐུགས་ཁུར། ལྷ་རྗེ་སྨན་པའི་བྲེལ་འཚུབ། སྤྱི་ཕན་ལས་གཉེར་གྱི་རོགས་དན། ཤ་རུས་སྤུན་ཟླའི་སེམས་གསོ། གཡུལ་ལས་རྒྱལ་བའི་ཀི་སྒྲ། འབད་དོན་ཀུན་འགྲུབ་ཀྱི་སྤྲོ་དབྱངས། གནོད་འཚེ་ཀུན་སེལ་གྱི་ཁྱིམ་གཞིས། བདེ་སྐྱིད་སླར་ཤར་གྱི་འཚོ་བ།

      ཀྱེ་ཀྱེ། འདི་ནི་མདང་དགོང་གི་མནལ་ལམ་དང་འཁྲུལ་སྣང་མ་ཡིན་ཏེ། དཔའ་མཛངས་རྟུལ་ཕོད་ཅན་གྱི་རྟའུ་པས་ཀུན་བཟོད་ས་གཞིའི་ངོས་སུ་ཕབ་པའི་དངོས་དོན་རི་མོ་རེ་རེ་ཡིན།

      བརྗིད་ལྡན་གྱི་བླ་རི་ནས་དེའུ་ཕྱུག་མོ་ལགས། ཁྱེད་ཀྱིས་སླར་ཡང་བདེན་དཔང་བྱེད་འཚལ།

( ༢༠༢༠ལོའི་ཟླ་༣ཚེས༡༣ཉིན་རྟའུ་ལ་བསྟུད་མར་གཟའ་འཁོར་གཉིས་ཀྱི་ནང་དུ་གློ་ཚད་ནད་པ་གསར་པ་མ་བྱུང་བའི་གསར་འགྱུར་གོ་བའི་རྐྱེན་བྱས་དགའ་བའི་ཤུགས་ཀྱིས་དྲངས་ཏེ་རྟེན་འབྲེལ་སྔོན་བསུ་རུ་ཤར་མར་བྲིས་པའོ།། )