རིམས་འགོག་ལྷོད་མི་རུང་།

རྩོམ་པ་པོ།   ཛམ་ཐང་བ་ལྕགས་མདའ།དུས་ཚོད།   2020-03-20   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

              ཇི་སྐད་དུ། སྨན་པ་ཀྲུང་ནན་ཧྲན་ལགས་ཀྱིས། རིམས་ནད་ལ་རྒྱལ་མཚམས་ཟེར་བ་མེད་པས། གོ་ལ་འདིར་གནས་པ་ཞིག་ཡིན་ཚེ། མི་སུ་ཡིན་ཡང་འབྲོ་ཐབས་མེད། ཅེས་གསུངས་པ་ཇི་བཞིན། ད་རུང་ཅིས་ཀྱང་ནད་ཡམས་ལ་ལྷོད་གཡེང་མི་བྱེད་པ་གལ་ཆེ། གང་ལགས་ཤེ་ན། ད་ལྟ་རང་རེའི་རྒྱལ་ཁབ་ཏུ་ནད་ངོ་གསར་དུ་བཟུང་བ་ཤིན་ཏུ་ཉུང་བར་འདུག་ཀྱང་། འོན་ཏེ། འཛམ་གླིང་གི་རྒྱལ་ཁབ་གཞན་དག་ལ་ཉིན་རེ་ལས་ཉིན་རེར་ནད་པའི་གྲངས་ཀ་ཇེ་མང་ནས་ཇེ་མང་སྟེ། དཔེར་ན། དབྱི་ཐ་ལི་རྒྱལ་ཁབ་ཁོ་ནར་མཚོན་ན། ད་ལྟའི་དབར་ནད་ངོ་བཟུང་བའི་ནད་པ་41035ལ་བསླེབས་ཡོད་པ་དང་། དེ་བཞིན་དུ་དབྱི་རན་རྒྱལ་ཁབ་ལ་མཚོན་ན། ད་ལྟའི་དབར་ནད་ངོ་བཟུང་བའི་ནད་པ་17147ལ་བསླེབས་འདུག དེ་དང་བསྟུན་ནས་ཕྱིའི་རྒྱལ་ཁབ་ནས་ཚུར་རང་རྒྱལ་དུ་ནད་ཁྱེར་འོངས་པས། ནད་ངོ་བཟུང་བཞག་པའང་འདུག་པས། ཅིས་ཀྱང་ད་རུང་གཟབ་གཟབ་བྱ་རྒྱུ་གལ་ཆེ་བར་མཐོང་ངོ་།།
             གཤམ་དུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཕྲིན་གལ་ཆེ་བ་ཞིག་དགོད་པར་བྱ་སྟེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ས་གནས་དེ་གའི་དུས་ཚོད་དེ། ཚེས་20ཉིན་གྱི་ཐོ་རེངས་སུ་ཁྱབ་བསྒྲགས་བྱས་པའི་ཉིན་རེའི་རིམས་ནད་སྐོར་གྱི་སྙན་ཞུའི་དན་གྲངས་ལས་མངོན་པ་སྟེ། གོ་ལ་ཧྲིལ་བོར་ནད་ངོ་བཟུང་བའི་ཏོག་གསར་གློ་ཚད་ནད་པ་209839ལ་བསླེབས་ཡོད། སྙན་ཞུ་ལས་མངོན་པར། ཡོ་རོབ་དབུས་རྒྱུད་ཀྱི་དུས་ཚོད་དེ། ཚེས་19ཉིན་གྱི་ཆུ་ཚོད་0བར་(པེ་ཅིང་གི་དུས་ཚོད་དེ། ཚེས་19ཉིན་གྱི་ཆུ་ཚོད་7པར)གོ་ལ་ཧྲིལ་བོར་ནད་ངོ་གསར་དུ་བཟུང་བའི་ཏོག་གསར་གློ་ཚད་ནད་པ་ཉིན་སྔ་མ་དང་བསྡུར་ན། ནད་པ་16556མང་དུ་ཕྱིན་ཏེ། ནད་པ་209839ཡོད་པར་གྱུར། ནད་དུ་ཤི་བའི་གྲངས་ཀའང་ཉིན་སྔ་མ་དང་བསྡུར་ན། ནད་པ་828གསར་དུ་ཤི་བར་བཤད་ལ། སྔ་ཕྱིར་ཤི་ཚད་8778ལ་བསླེབས་ཡོད་པར་བསྒྲགས་འདུག
            དེ་བས། ཅིས་ཀྱང་ལྷོད་གཡེང་མིི་བྱེད་པ་གལ་ཆེ། དོན་དག་ཧ་ལས་པའི་གལ་ཆེན་རེ་མེད་ན་ཕྱི་རུ་རང་དགར་མི་འགྲོ་བ་དང་། མི་མང་སར་མི་འགྲོ་བ་དང་། ཁ་རས་གྱོན་པ་དང་། ལག་པ་བཀྲུ་བ་སོགས་ཅིས་ཀྱང་བརྗེད་པར་མི་བྱ་ལ། གཞན་ལའང་དེ་ལྟར་བྱེད་པར་བསྐུལ་བར་བྱ་བ་གལ་ཆེའོ།། སྨན་པ་ཀྲུང་ནན་ཧྲན་ལགས་ཀྱིས་གསུངས་པ་ཇི་བཞིན། རང་སྲུང་ཡང་དག་པ་ཞིག་ཐུབ་ན། གཞན་སྲུང་ཤུགས་ལས་འབྱུང་བ་དང་། དེས་རང་ཉིད་དང་། ཁྱིམ་ཚང་དང་། མི་རིགས་དང་། རྒྱལ་ཁབ་བཅས་ལའང་ཕན་པ་ཆེན་པོ་འོངས་པས། ཀུན་གྱིས་དེ་ལྟར་བྱ་རྒྱུ་གལ་ཆེའོ།།

            གཞན་དུ། ཆིང་རྒྱལ་རབས་སྐབས་ཀྱི་མཁས་པ་ལི་ཡུས་ཞིའུ་ལགས་ཀྱིས་མཛད་པའི་«སློབ་མའི་བསླབ་བྱ»རུ། གང་ཟག་སུ་ཡིན་ཡང་།། ངེས་པར་བྱམས་པས་སྐྱོང་།། ས་སྟེང་གནམ་འོག་ན།། མཉམ་དུ་གནས་པས་སོ།།ཞེས་གསུངས་པ་ཇི་བཞིན། མི་རིགས་དང་། ས་ཁོངས་དང་། རྒྱལ་ཁབ་ཀྱི་དབྱེ་བ་མེད་པར་ད་ལྟ་ནད་ཀྱིས་བཏབ་པའི་མི་ཡོད་དོ་ཅོག་ལ་གདུང་སེམས་མཉམ་བསྐྱེད་དང་། ནད་གདོན་བར་ཆད་ལས་འགྲོལ་བའི་བསམ་པ་བཟང་པོ་བསྐྱེད་པ་གལ་ཆེ་བར་སྣང་ངོ་།།
             དེ་ཡང་རྒྱའི་ཁ་རྒྱུན་དུ། འོབས་སུ་ཐེངས་གཅིག་ལྷུངས་ན། ཤེས་རབ་ཐེངས་གཅིག་འཕེལ། ཞེས་པ་ཇི་བཞིན། རེབ་འདིའི་གོད་ཆག་ལས་བསླབ་བྱ་བླངས་ཏེ། རི་གནས་སྲོག་ཆགས་རྣམས་བྱམས་ཀྱིས་སྐྱོང་བ་དང་། མི་ཙམ་དུ་མ་ཟད། སྲོག་ཆགས་ཉམས་ཆུང་རྣམས་ལའང་འཚོ་གནས་ཀྱི་རང་དབང་སྤྲད་དེ། འཆམ་མཐུན་བདེ་སྐྱིད་ཀྱི་ཉི་འོད་གོ་ལ་ཧྲིལ་བོའི་སྲོག་ལྡན་ཀུན་ལ་ཁྱབ་པར་བྱ་བ་འདི་གནད་དུ་ཆེའོ།། དེ་ལ་མཁས་པ་ཆེན་པོ་ཅི་ཞན་ལིན་ལགས་ཀྱིས། ང་རང་ཆོས་ལུགས་གང་ལའང་དད་པ་མེད། དེ་བཞིན་ང་རང་དཀར་ཟས་རང་ལུགས་པ་ཞིག་ཀྱང་མིན། མིའི་རིགས་ཀྱི་འཚོ་རྟེན་དུ་གྱུར་པ་སྟེ། མ་ཟོས་ཐབས་མེད་རྣམས་ལོས་ཀྱང་ཟ། འོན་ཏེ། དེ་འདྲའི་དགོས་ཕན་ཆེན་པོ་མེད་པ་དང་། སྲོག་ཆགས་རྣམས་ལ་འཚེ་བར་འགྱུར་ཞིང་རང་ཉིད་ལའང་ཕན་པ་མེད་པའི་བག་མེད་ངན་གསོད་ཀྱི་བྱ་སྤྱོད་དེ་རིགས། གཏན་འགོག་བྱ་བར་རིགས། ཞེས་གསུངས་སོ།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།