ཧུང་ཡོན་རྫོང་གིས་དགོན་པའི་འཕྲོད་བསྟེན་མི་སྣར་གསོ་སྦྱོང་བྱས།

རྩོམ་པ་པོ།   ཆོས་རྒྱས།དུས་ཚོད།   2020-03-19   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་དགོན་པའི་འཕྲོད་བསྟེན་མི་སྣར་རིན་མེད་གསོ་སྦྱོང་བྱེད་པ་ལག་བསྟར་དོན་འཁྱོལ་ཡོང་བ་དང་། ཧུང་ཡོན་རྫོང་གི་ཏོག་གསར་གློ་ཚད་རིམས་ནད་འགོག་སྲུང་ལས་ཀ་སྔར་བས་ཞིབ་ཚགས་ལྡན་པ་དང་། ཕྱི་ཡོང་རིམས་ནད་དང་འདུ་འཛོམས་རང་བཞིན་གྱི་རིམས་ནད་ཁྱབ་མཆེད་འགོག་པ། རྫོང་ཡོངས་ཀྱི་ཕྱོགས་ཡོངས་ནས་བཟོ་ལས་ཐོན་སྐྱེད་སླར་གསོ་ཡོང་བར་སྐུལ་མ་བྱས་ཏེ། སྤྱི་ཚོགས་དཔལ་འབྱོར་གོང་འཕེལ་གྱི་བཀག་རྡོ་ཡོངས་སུ་བསལ་ཆེད། ཟླ3་ཚེས་17ཉིན་ནས་18ཉིན་བར་དུ་རྫོང་རིམས་འགོག་ལྟེ་གནས་ཀྱི་འཕྲོད་བསྟེན་མི་སྣའི་སྐད་གཉིས་གསོ་སྦྱོང་ལས་དོན་ཚན་ཆུང་དང་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འབྲེལ་ཡོད་འགན་འཁུར་བ་དང་མཉམ་འབྲེལ་སྒོས་ཚ་ལུང་དགོན་པ་དང་། སྐྱ་མགོ་དགོན་པ། སྟག་རྩེ་དགོན་པ། ཁང་དམར་དགོན་པ་སོགས་སུ་སོང་ནས་དགོན་པའི་འཕྲོད་བསྟེན་མི་སྣར། ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཐབས། དུག་སེལ། ཁ་རས་བསྡུ་རུབ། དགུན་དཔྱིད་སྐབས་ཀྱི་རྒྱུན་མཐོང་ནད་རིགས་འགོག་སྲུང་སོགས་འབྲེལ་ཡོད་ཤེས་བྱ་ཁ་གསལ་གོ་བདེའི་ལམ་ནས་དྲིལ་སྒྲོག་བྱེད་པར་མ་ཟད། གྲྭ་བཙུན་རྣམས་ཀྱིས་བཏོན་པའི་དྲི་བ་རེ་རེར་ལན་བཏབ་འདུག    

            ཉིན་གཉིས་ཀྱི་རིང་ལ་གྲྭ་བཙུན་17ལ་གསོ་སྦྱོང་བྱས་པ་དང་། ཡུལ་དངོས་ནས་རྒྱུགས་ཚད་བླངས་ཏེ་འཕྲོད་བསྟེན་གསོ་སྦྱོང་གི་དཔང་ཡིག་17ཕུལ་ཡོད། གསོ་སྦྱོང་དུ་ཞུགས་པའི་གྲྭ་བཙུན་རྣམས་ཀྱིས་དགོན་པའི་བདེ་ཐང་འཕྲོད་བསྟེན་སྲུང་སྐྱོང་དང་། རིམས་འགོག་གི་སྣེ་ཁྲིད་པ་ཡོང་བར་བྱས་ཏེ་བསླབས་ཟིན་པའི་ཤེས་བྱ་དགོན་པའི་གྲྭ་བཙུན་གཞན་ལ་བསྒྲགས་ཏེ། རིམས་འགོག་ཤེས་བྱ་དང་རིམས་འགོག་ཐབས་ལམ་ཀུན་ལ་ངེས་སུ་འཇུག་པར་བྱས། དེ་ལྟར་ཧུང་ཡོན་རྫོང་གི་སྐབས་དྲུག་པའི་ཏོག་གསར་གློ་ནད་རིམས་འགོག་གི་འཕྲོད་བསྟེན་མི་སྣའི་རིམ་པ་དང་པོའི་གསོ་སྦྱོང་མཇུག་བསྒྲིལ་བ་དང་། རྗེས་མར་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྫོང་རིམས་འགོག་ལྟེ་གནས་ཀྱིས་མུ་མཐུད་དུ་དགོན་པ་གཞན་གྱི་འཕྲོད་བསྟེན་མི་སྣར་གསོ་སྦྱོང་བྱ་རྒྱུ་རེད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།