ཕག་ལྟར་ཉལ་ན། ནད་དགུ་འབྱུང་།

རྩོམ་པ་པོ།   ཚུལ་ཁྲིམས་རྡོ་རྗེ།དུས་ཚོད།   2020-03-17   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ཟས་གོས་སྨན་སོགས་འཕྲོད་པ་བསྟེན།།

མི་འཕྲོད་ཡོངས་སུ་སྤང་བར་བྱ།།

ནད་མེད་ལུས་འདི་མེད་གྱུར་ན།།

ཆོས་དང་འཇིག་རྟེན་གཉིས་ཀ་འཆོར།།

    « དེང་རབས་བསླབ་བྱ»ལས་གསུངས་པའོ།།

   འཐོབ་པར་དཀའ་བའི་ངལ་གསོ་རུ།

   ཁྱོད་རང་དགུང་གི་ཉི་མ་ཨོང་མགོར་ཤར་ཡང་།

   ད་དུང་གཉིད་ལམ་གྱི་ཞིང་ཁམས་སུ་ལུས་ནས་ཡོད་དམ།

   རྒྱའི་ཁ་རྒྱུན་དུ།

   མཚན་ཕུད་ན།  མགོ་བོའི་སྐྲ་ཡང་ལྷུང་བར་བཤད།

   མཚན་ཕུད་ན།  རིག་པའང་ཉམས་པར་བཤད།

   དེས་ན། ང་ཚོས་དགུང་མོར་མི་ཉལ་བར་མཚན་ཕུད་པའི་ཉེས་པ་རྟོགས་ཟིན་ཀྱང་།

   ནངས་མོར་ཕག་ལྟར་ཉལ་བའི་ཉེས་པ་སྣ་དགུ་ཤེས་མཁན་ཤིན་ཏུ་དཀོན།

   དེ་བས་ཕྲན་གྱིས། ཉལ་དང་གཉིད་ལ་གོ་རིམ་ཡོད་པར་གྱིས།།

       རྩལ་སྦྱོང་མེད་ན་ནད་ངན་སྣ་དགུས་གཟིར།། ཞེས་པའི་ལེགས་བཤད་འདིའང་ཡིད་ལ་ཆོངས་ཤིག་ཅེས་སྨྲ་བར་འདོད།

       ཕྲན་གྱིས་དེ་ལྟར་སྨྲ་བ་ལ་རྒྱུ་མཚན་མེད་པའང་མིན་ཏེ། ཞིབ་འཇུག་ཁག་ཏུ། གཉིད་ཚད་ལས་བརྒལ་ཚེ། འཆི་བ་སྔོན་དུ་འབྱུང་ཉེན་སུམ་ཆ་གཅིག་འཕར་བར་བཞེད་པས་སོ།།

      འོན་ན། ཅི་ཙམ་ལ་གཉིད་ཚད་ལས་བརྒལ་དང་། ཅི་ཙམ་ལ་གཉིད་འོས་ཤིང་འཚམས་པ་ཟེར་རམ་ཞེ་ན། ཐོག་མར་འདི་ལྟར་བཤད་པར་བྱ་སྟེ། ལེ་ལོ་པ་འགའ་ཞིག་ན་རེ། ཅི་ཙམ་གཉིད་ན་དེ་ཙམ་གྱིས་བཟང་། ཞེས་དང་། མཚན་ཕུད་པས་ཉེས་པ་ཆེ་ན། མང་དུ་ཉལ་ན་བཟང་བར་འདོད་ཅེས་སྨྲའོ།། འོན་ཀྱང་དེ་ནི་ངོས་འཛིན་ཡོངས་སུ་ནོར་བའོ།།

      མིའི་ལུས་སུ་སྐྱེ་དངོས་ཀྱི་ཅོང་བརྡ་ལྟ་བུ་ཡོད་དེ། འོད་དང་མུན་ནག་གི་ཤུགས་རྐྱེན་སླེབ་པར་བྱེད་ལ། སྐྱེ་དངོས་ཅོང་གིས་ནུས་པ་གལ་ཆེན་འདོན་པ་ཡིན་ཏེ། དེ་ལས་གཅིག་ནི། གཉིད་ཚད་སྙོམ་སྒྲིག་བྱེད་པ་དེའོ།།

      དེའི་ཕྱིར། གཉིད་ལའང་གོ་རིམ་དང་ཆོས་ཉིད་ལྡན་པ་ཡིན་ཏེ། གཉིད་མང་དྲགས་པའམ། ཡང་ན་གཉིད་ཉུང་བ་གང་ཡིན་རུང་། ལུས་ཀྱི་བདེ་ཐང་ལ་མཚོན་ན། གཉིས་པོ་གནོད་ཚབས་གཅིག་པར་ཆེའོ།།

     ཞིབ་འཇུག་མང་པོ་ལས་མངོན་པ་ལྟར། གཉིད་ཚད་ལས་བརྒལ་ཚེ། ལུས་ཀྱི་བདེ་ཐང་ལ་གནོད་ལ། གཉིད་ཚད་དང་ཚེ་ཚད་ཀྱི་འབྲེལ་བ་ཡང་དེ་བཞིན་དུ་སྨྲ་བར་འདུག་གོ།

      འཛམ་གླིང་གི་གསོ་རིག་ཚན་རྩལ་པ་མཁས་ཆེན་རྣམས་ཀྱིས་མི་ཁྲི་300ལྷག་དང་འབྲེལ་ཞིང་། འཛམ་གླིང་གི་གཉིད་དང་བདེ་ཐང་སྐོར་གྱི་ཚད་དང་ལྡན་པའི་ཞིབ་འཇུག་གི་སྙན་ཞུ་མང་པོར་ཕྱོགས་ཡོངས་ནས་ཞིབ་འཇུག་བགྱིས་པ་ན། མཐར་གྱི་གྲུབ་དོན་ལ། མཚན་མོ་རེ་རེར་ཆ་སྙོམས་དུས་ཚོད་10རེར་གཉིད་པ་དང་། མཚན་མོ་རེ་རེར་ཆ་སྙོམས་དུས་ཚོད་8རེ་གཉིད་པ་གཉིས་བསྡུར་ན། འཆི་བ་སྔོན་དུ་འབྱུང་ཉེན་30%འཕར་བ་དང་། དེར་གྲིབ་ནད་དུ་(རྒྱ་བོད་ཚིག་མཛོད་དུ་中风ལ་གྲིབ་ནད་ཅེས་བྱུང་།)འཆི་བའི་ཉེན་ཁ་56%འཕར་བ་དང་། སྙིང་ཁམས་ཁྲག་རྩའི་ནད་དུ་འཆི་བའི་ཉེན་ཁ་49%འཕར་བར་བཤད་དོ།། 

     གཉིད་མང་ན་འཆི་བ་སྔོན་དུ་བསླེབ་ངེས་པ་གོང་དུ་བཤད་པ་ལས། གནོད་པ་གཞན་ཡོད་དམ་ཞེ་ན། ཡོད་དེ།

     གཅིག ངན་སྐྲན་འབྱུང་བའི་ཉེན་ཁ་འཕར་བར་བྱེད་ལ། སྔུར་བ་འཐེན་པ་དང་ཤ་རྒྱགས་པར་ལྷག་པར་གནོད།

    གཉིས། གཅིན་མངར་གྱི་ནད་འབྱུང་སླ་བར་བྱེད།

    གསུམ། ཁྲག་ཤེད་ལའང་གནོད་པར་བྱེད།

    བཞི། དབང་རྩའི་མ་ལག་གི་ནུས་པར་གནོད་པར་བྱེད།

    ལྔ། ཡིད་འཛིན་གྱི་ནུས་པ་ཉམས་པར་བྱེད་པའོ།།

       དེའི་ཕྱིར། ཉལ་ཆེས་པ་དང་། མི་ཉལ་བར་མཚན་ཕུད་པ་གཉིས་པོས་རང་གི་བདེ་ཐང་ལ་གནོད་པར་བྱེད་དོ།།

འོ་ན། ཅི་ཙམ་གཉིད་ན་འོས་ཤིང་འཚམས་པ་ཡིན་ནམ་ཞེ་ན།

      ཐོག་མར། གུང་ཉལ་ལྟ་བུར། སྐར་མ་10ནས་སྐར་མ་20དབར་གཉིད་པར་བྱ་ལ། དེས་ཀླད་ཆེན་གྱི་ནུས་པར་སླར་གསོ་འོང་བར་ཕན་ནོ།། དུས་ཚོད་འདི་ལས་བརྒལ་བར་གཉིད་ཚེ། གུང་ཉལ་ཕན་མེད་དུ་འགྱུར་ཏེ། གཅིག་ནས་ཀླད་ཆེན་རྟུལ་བར་བྱེད་པ་དང་། གཉིས་ནས་མཚན་མོའི་གཉིད་ལ་གནོད་པ་བཟོའོ།།

      བར་དུ། མཚན་མོའི་གཉིད་ལྟ་བུར། མི་དར་མ་མང་ཆེ་བ་ཉིན་རེར་དུས་ཚོད་7ནས་དུས་ཚོད་9དབར་གཉིད་པས་ཆོག་ལ། འཛམ་གླིང་འཕྲོད་བསྟེན་ཚོགས་པའི་དན་གྲངས་ལྟར་ན། ཉིན་རེར་ཆ་སྙོམས་གཉིད་ཚད་དུས་ཚོད་6ནས་7.25དབར་གྱི་མི་རྣམས་ཆ་སྙོམས་ཀྱི་ཚེ་ཚད་ཆེས་རིང་བར་བཤད། འོན་ཀྱང་། གོང་བཀོད་གཉིད་ཚད་དག་མི་དར་མ་རྣམས་ལ་བཤད་པ་ཡིན་གྱི། ལོ་ཚད་མི་གཅིག་པའི་མི་བྱིངས་ལ་འདི་ཙམ་ཁོ་ནས་ཆོག་པའང་མ་ཡིན་ནོ།།

       ཨ་རིའི་གཉིད་ཚད་ཐེབས་རྩ་ཚོགས་པས་ཞིབ་འཇུག་གསར་བར་གཞིགས་ཏེ། ལོ་ཚད་མི་གཅིག་པ་རྣམས་ཀྱི་གཉིད་ཚད་བཀོད་པ་གཤམ་གསལ་ལྟར་རོ།།

བྱིས་པ། ཟླ0-3ཅན། དུས་ཚོད་14-17།

བྱིས་པ། ཟླ་4-11ཅན།  དུས་ཚོད་12-15།

བྱིས་པ། ལོ་1-2 ཅན། དུས་ཚོད་11-14།

བྱིས་པ། ལོ་3-5 ཅན། དུས་ཚོད་10-13།

བྱིས་པ། ལོ6-13 ཅན། དུས་ཚོད་9-11།

ན་གཞོན། ལོ་14-17ཅན། དུས་ཚོད་8-10།

དར་མ། ལོ་18-25 ཅན། དུས་ཚོད་7-9།

དར་ཡོལ། དུས་ཚོད་7-9།

རྒན་ཡོལ། ལོ་65ལས་བརྒལ་བ་ཅན། དུས་ཚོད་7-8།

      གོང་བཀོད་ལོ་ཚད་དང་གཉིད་ཚད་ལ་བསྟུན་ཏེ། རང་དང་འཚམས་ལ་བདེ་ཐང་ལའང་སྨན་པའི་འཚོ་བའི་གོམས་སྲོལ་ཆགས་པར་བྱ་ལ། དེ་མིན། འགའ་རེས་མཚན་ཕུད་པའི་ཁ་གསབ་ཏུ་ཉིན་དཀར་ལ་ཡུན་རིང་ཉལ་བ་སོགས་བྱེད་མོད། དེ་ནི་ཚན་རིག་དང་མི་མཐུན་ལ། ལུས་པོའི་ཐང་ཆད་པའང་གསོ་བར་མི་ནུས་པས། དེ་ལྟར་མི་བྱ་ལ། ནངས་མོར་དུས་ལྟར་བཞེངས་ཤིང་། མཚན་མོར་དུས་ལྟར་གཟིམས་ལ། ཁ་པར་དང་གློག་ཤེད་ཆེ་བ་དག་ལ་ཅི་ཐུབ་ཀྱིས་ཉུང་བར་བལྟ་བ་ཤིན་ཏུ་གལ་ཆེ་ཚུལ་ཚན་རིག་པ་རྣམས་ཀྱིས་བཤད་པས། དེ་ལུགས་གནང་རྒྱུ་ཤིན་ཏུ་གལ་ཆེ་བར་མཐོང་ངོ་།།

 གཤམ་དུ་མཚན་མོར་ཉལ་བར་ཉེ་སྐབས་ཉམས་འཇོག་དགོས་པ་འགའ་ཞིག་བཤད་དེ།

གཅིག ཉལ་བའི་ཚེ་ཁ་པར་དང་གློག་ཀླད་སོགས་ཀྱི་ཁ་བརྒྱབ་པར་བྱ་བའོ།།

གཉིས། ཉལ་ཁང་གི་གློག་ཀུན་བསད་ཅིང་། གློག་རྡུལ་རིགས་ཀྱི་ཡོ་ཆས་ཀུན་ཁ་བརྒྱབ་པའོ།།

གསུམ། མགོ་གཞག་སའི་སྔས་འབོལ་བདེ་ཐག་ཆོད་པར་བྱ་བའོ།།

བཞི། ནུབ་ཟས་ཉུང་བར་བྱ་ཞིང་། ཉལ་བར་ཉེ་བའི་དུས་ཚོད་གཅིག་རིང་ཟ་མ་བཟའ་བར་མི་བྱའོ།།

ལྔ། ཉལ་བའི་སྔོན་དུ་འོ་མ་དྲོན་པོ་འཐུང་བར་བྱ་ཞིང་། དེ་དུས་ཆང་མི་འཐུང་ལ། ཆུའང་ཉུང་བར་འཐུང་བའོ།།

དྲུག ཉལ་ལ་ཉེ་སྐབས། ལུས་སྦྱོང་དྲག་པོ་མི་བྱ་ཞིང་། མ་ཉལ་སྔོན་གྱི་དུས་ཚོད་4ཙམ་གྱི་སྔོན་དུ་ལུས་སྦྱོང་དྲག་པོ་རྣམས་བྱའོ།།

བདུན། མ་ཉལ་པའི་སྔོན་གྱི་དུས་ཚོད་4ཡི་རིང་། ཅི་ཐུབ་ཀྱིས་ཐུ་མག་འཐེན་པར་མི་བྱ་སོགས་སོ།།

    ཇི་སྐད་དུ། མི་རྣམས་ཚེ་ནི་ལོ་བརྒྱ་ལ།།

              མཚན་མོ་ཉལ་བས་ཕྱེད་དུ་བྱས།།

              དེ་ནི་ཉིན་པར་ཡང་ཉལ་བས།།

              དེ་ཡི་ཕྱེད་ཀྱང་དུམ་བུར་བྱས།། ཞེས་གསུངས་སོ།།

       ཞེས་པ་འདི་རྒྱ་ཡིག་གི་མ་རྩོམ་ཞིག་ལ་དཔེ་བཅད་དེ། བོད་པ་རང་ལ་འཚམ་པར་བྲིས་པ་ནི་གྱི་ན་བ་ཚུལ་ཁྲིམས་རྡོ་རྗེ་དེའོ།།