ཁྲུང་ཁྲུང་སྐེ་ནག་ཁག་དང་པོ་ཕྱིར་ས་མཐོའི་པང་དུ་ལོག་བྱུང་།

རྩོམ་པ་པོ།   ཚེ་དཔག་ལྷ་མོ།དུས་ཚོད།   2020-03-17   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

              ཟླ་3ཚེས་16ཉིན།  ཧུང་ཡོན་རྫོང་ཨ་མཆོག་གྲོང་རྡལ་གྱི་རྩྭ་ཐང་དུ་གང་སར་གངས་ཀྱིས་བཀླུབས་འདུག་ལ།  ཡུན་ནན་དང་ཀུའེ་ཀྲོའུ་སོགས་ས་ཁུལ་ནས་དགུན་བསྐྱལ་ནས་ཕྱིར་ས་མཐོར་ལོག་པའི་ཁྲུང་ཁྲུང་སྐེ་ནག་ཁྱུ་ཞིག་གནས་དེར་བག་ཡངས་ངང་རྩེད་མོར་གཡེང་འདུག  དེ་དག་གིས་སྐབས་འགར་རྩེད་འཇོར་རོལ་བ་དང་། སྐབས་འགར་གཤོག་ཟུང་བརྐྱངས་ནས་འཕུར་ལྡིང་བྱེད་བཞིན་འདུག ཉེ་འཁོར་གྱི་ནོར་ཁྱུ་དང་འདྲེས་དེ་ལྷིང་འཇགས་ཀྱི་ས་མཐོར་སྐྱེ་སྟོབས་དང་གསོན་ཤུགས་ཚད་མེད་སྦྱིན་གྱི་ཡོད།

             སྣང་ཚུལ་དེ་མཐོང་སྐབས་ཧུང་ཡོན་རྫོང་གི་མིག་གསུམ་པ་པར་ལེན་ཆེད་མཁས་ མཐུན་ཚོགས་ཀྱི་པར་ལེན་མཁས་ཅན་ཚུལ་ཁྲིམས་ཀྱིས་པར་ཆས་ལ་བརྟེན་ནས་རྩ་ཆེའི་གནས་ཚུལ་དེ་ཟིན་ཐོ་འགོད་པར་བྲེལ་གྱིན།   དེ་རིང་པར་ལེན་ཐུབ་པའི་ཁྲུང་ཁྲུང་སྐེ་ནག་10ལྷག་ནི་ད་ལོ་ཕྱིར་རྩྭ་ཐང་གི་པང་དུ་ལོག་པའི་ཁྲུང་ཁྲུང་སྐེ་ནག་ཁག་དང་པོ་དེ་རེད། ཕལ་ཆེར་ཁ་བ་བབས་པའི་རྐྱེན་གྱི་ཡིན་རྒྱུ་རེད། སྔོན་ཆད་ནམ་ཟླ་འདིར་ལས་མང་བ་ཡོད།  ད་དུང་ཉིན་གཉིས་ལྷག་འགོར་ན་འཕུར་ཡོང་བའི་ཁྲུང་ཁྲུང་སྐེ་ནག་མང་དུ་འགྲོ་རྒྱུ་རེད་ཅེས་བཤད།

           ཁྲུང་ཁྲུང་སྐེ་ནག་ནི་འཛམ་གླིང་གི་ས་མཐོར་སྐྱེ་འཚར་དང་སྐྱེ་འཕེལ་བྱུང་བའི་ཁྲུང་ཁྲུང་གཅིག་པུ་དེ་རེད། ལོ་ལྟར་ཟླ་3པ་ནས་ཟླ་11པའི་བར་རྔ་བ་ཁུལ་གྱི་མཛོད་དགེ་དང་ཧུང་ཡོན་རྫོང་གཉིས་སུ་ཁྲུང་ཁྲུང་སྐེ་ནག་ཁྱུ་དང་ཁྱུ་བྱས་ནས་འཚོ་སྡོད་བྱེད་ཀྱི་ཡོད ། དེའི་ནང་ཀྲུང་གོའི་ཁྲུང་ཁྲུང་སྐེ་ནག་གི་ཕ་ཡུལ་ཞེས་པའི་མཚན་སྙན་ཐོབ་པའི་མཛོད་དགེ་རྫོང་ལ་ད་ལྟ་ཁྲུང་ཁྲུང་སྐེ་ནག་1000ལྷག་ཙམ་ཡོད་པ་དེ་ནི་འཛམ་གླིང་སྟེང་གི་ཁྲུང་ཁྲུང་སྐེ་ནག་ཁྱབ་ཚུལ་མང་ཤོས་དང་སྐྱེ་འཕེལ་རྒྱ་ཁྱོན་ཆེ་ཤོས་ཀྱི་ས་ཁོངས་ཤིག་རེད།

           རྔ་བ་ཁུལ་ནགས་ལས་ཅུས་ཀྱི་འབྲེལ་ཡོད་མི་སྣས་མཛོད་དགེ་རྫོང་མཚོ་ཁྱ་ཁྲེབ་ཀྱི་བརླན་ས་དང་། ཨ་སྐྱིད་ཡུལ་ཚོའི་ས་སྐྱིད་སྡེ་བ།  བྱམས་མེ་ཕྱུགས་ར། ཧུང་ཡོན་རྫོང་སྐ་ཆུའི་བརླན་ས་བཅས་སུ་ཁྲུང་ཁྲུང་སྐེ་ནག་མཐོང་སླ་ཤོས་ཡིན་པ་དེའང་རྔ་བ་ཁུལ་གྱི་ཁྲུང་ཁྲུང་སྐེ་ནག་པར་ལེན་བྱ་ཡུལ་ཡག་ཤོས་དེ་རེད། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།