སྲོད་ལ་ཁོ་མོ་དྲན་པ།

རྩོམ་པ་པོ།   འཁོན་བུ་སྟག་རྒྱལ། དུས་ཚོད།   2020-03-16   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            དབྱར་གཞུང་ཞིག་གི་མེ་ཏོག་དང་ལྷན་དུ་རེ་བ་དང་ཡིད་ཆེས། དགའ་འཛུམ་དང་སྤྲོ་དོད་ཀྱི་ཀློང་ནས་གཏམ་རིང་ཐུང་གང་མང་ཞིག་བཤད་པའི་མཐར་འུ་གཉིས་ཀྱིས་གཞོན་པའི་བརྩེ་དུང་ཞེས་པ་ཞིག་གི་དབུ་ནས་བཟུང་བ་ནི་ངའི་ཚེ་རབས་སྟོང་གི་དྲན་ཤིང་དང་མི་ཚེ་གཅིག་གི་བརྩམས་ཆོས་མིན་པའི་ངེས་པ་གཏན་ནས་མེད། འུ་གཉིས་ནི་རྒས་ཤིང་ཁོག་ཅིང་གདོང་ཡོངས་གཉེར་མས་བཀབ་པ། སྐྲ་ལོར་གོས་དཀར་བཀླུབས་འདྲའི་ན་བགྲེས་ཀྱི་ཧོན་ལོག་གཉིས་མ་ཡིན་ཞིང་རྩེ་འཛུམ་དང་རྩེད་ར་ལ་འཐམ་འཁྱུད་བྱེད་པའི་ན་ཆུང་གི་བྱིས་པ་གཉིས་ཀྱང་ག་ལ་ཡིན། རེད་དེ། སྙིང་ཆུང་ལག་པས་བཀབ་ནས་ལོ་ཆུང་སྣང་བ་ཞེས་པའི་ཐ་སྙད་དེ་ལ་བསྙད་བཏགས་ན་དེའང་དེ་འདྲའི་བསོར་མོ་ཞིག་ཡིན་མ་སོང་། ཡིན་ནའང་། བརྩེ་བ་ནི་སྐྱོ་གར་སྤྲོ་གར་གྱིས་བསྐྱངས་ཤིང་འཛུམ་མདངས་དང་དགོད་སྒྲ་ཡིས་བརྒྱན་པའི་ཟློས་གར་ཞིག་མིན་པའི་ངེས་པའང་གཏན་ནས་མེད་པས། མཚན་ལྗོངས་དེའི་ཁྱེད་ཀྱི་གློ་བུར་བའི་ན་ཟུག་དེ་དག་ནི་ང་ལ་མཚོན་ན་མེད་དུ་མི་རུང་བའི་འཚོ་བ་ཞིག་གི་ཉམས་མྱོང་ཡིན་ཨང་། ཞེ་འདྲེས་ལགས།

          ད་ནི་སྲོད་ལ་སླེབས་འདུག ང་སྔར་ལྟར་གཙང་བོའི་བཞུར་རྒྱུན་དང་བསྡེབས་པའི་ཕ་གིའི་དུར་ཁྲོད་ཀྱི་འགྲམ་ན་འགྲེང་ནས་ཡོད། ན་ཟུག་གི་ཁྲག་རྣག་འཕྱུང་བཞིན་རྨ་ཁ་ལ་ཁབ་ཀྱིས་གཙག་བཞིན་ཁ་སང་གི་འུ་གཉིས་ཀྱི་གཏམ་རྒྱུད་དྲན་བཞིན། འདས་སོང་གི་བྱང་ཁོག་ལ་སྤར་འདྲེད་བྱེད་བཞིན་ཡི་གར་འོངས་པའི་ཐ་སྙད་དེ་དག་ཁྱེད་ཀྱི་ཕྱོགས་སུ་གཏོར་བཞིན་ཡོད། རེ་བ་ཡོད་པ་ནས་མེད་པ། མེད་པ་ནས་ཡོད་པ། ཡོད་པ་ནས་གཏན་དུ་མེད་པར་གྱུར་བའི་འུ་གཉིས་ཀྱི་བར་ཤད་ཀྱི་སྐད་ཆ་དེ་དག་གི་སླད་དུ་ངས་ད་དུང་བྲང་གཞུང་མེ་རུ་སྦར་ནས་ཐ་སྙད་ཀྱི་གསང་བ་བཞིན་ཡོད། སྙིང་གཏམ་དེ་ཆུ་ལ་ཆུ་བཞག་གི་དོད་དུ་རི་མོའི་གཟུགས་སུ་ཕབས་པའི་སྒྱུ་རྩལ་གྱི་དོ་ར་ཆུང་ཆུང་ཞིག་ནང་བཞིན་ངས་རྒྱས་སྤྲས་ཚད་དང་རན་པ་ཞིག་བྱས་ནས་གཏམ་རྒྱུད་ཀྱི་དཔེ་དུབ་ཅིག་བསྐྲུན་འཆར་ཡོད། སྙིང་དང་རུས་པའི་མཚམས་སུ་སྤར་བའི་སྙན་ངག་གི་མེ་ཕུང་། ཁྱེད་ཀྱིས་མེ་ཕུང་ནང་བཞིན་ང་ལ་དྲོད་ཁོལ་བསྐྱེད་པར་ཞུ། ངས་འུ་གཉིས་ཀྱི་ཆེད་དུ་གཙང་བོའི་ཕ་རོལ་ལ་གསོལ་བ་བཏབ་ཆོག དེ་ནི་ཁྱེད་ཀྱིས་ང་ལ་བསྩལ་བའི་ཆེས་ཐོག་མའམ་མཐའ་མའི་ནོམ་པ་ཡིན་ཆོག། ངས་རང་གིས་མི་ཐེག་པའི་འཚོ་བ་དེ་ཁུར་བ་ནི་ང་ཁྱེད་ཀྱི་ཆེད་དུ་སྨྱོས་པ་མ་ཡིན་ཞིང་ང་ཁྱེད་ཀྱི་དོན་དུ་གཟུར་བའང་མ་ཡིན་ཏེ། དེ་ནི་ངས་ཁྱེད་ཉིད་དགའ་མ་ཞིག་གི་ཚད་ནས་བཞག་སྟེ་གདེང་འཇོག་བྱས་པའི་ཚད་གཞི་ཙམ་ཡིན། ང་ལ་ངའི་གཤིས་ཀ་ཡོད་པ་ཁྱེད་ཀྱི་བརྗེད་མི་རུང་། ང་ལ་ངའི་འགན་འཁྲི་ཡོད་པ་ཁྱེད་ཀྱི་ཤེས་པར་གྱིས། ངའི་སྙིང་ཐུབ་ལགས། ཁྱེད་ནི་ངའི་ཐ་སྙད་ལ་བརྒྱུས་ཆོག་པའི་འགྱུར་ཁྲགས་དེ་ཡིན་ཆོག་ན། ངས་ཀྱང་རྣམ་དག་གི་ཚིག་འབྲུ་རེ་རེ་གྲུ་རུ་བཀུག་ཆོག།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།