ཧུང་ཡོན་རྫོང་སློབ་གསོའི་མ་ལག་གིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གསོ་སྦྱོང་བྱེད་སྒོ་སྤེལ།

རྩོམ་པ་པོ།   ཚེ་དཔག་ལྷ་མོ།དུས་ཚོད།   2020-03-16   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          རྫོང་ཡོངས་ཀྱི་སློབ་མགོ་མ་ཚུགས་གོང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་ཆེད།ཟླ་3ཚེས་11ཉིན་ཧུང་ཡོན་རྫོང་སློབ་གསོའི་མ་ལག་གི་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་འཕྲོད་བསྟེན་པའི་གསོ་སྦྱོང་འཛིན་གྲྭ་དེ། རྫོང་དེའི་སློབ་གསོ་ཅུས་ཀྱི་གསོ་སྦྱོང་ཁང་དུ་དངོས་སུ་སློབ་མགོ་ཚུགས་པ་རེད།

        ཐེངས་འདིའི་གསོ་སྦྱོང་དེ་དུས་ཡུན་ཐེངས་གཉིས་ལ་དབྱེ་ནས་རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་ཁག་དང་བྱིས་གཉོར་ཁང་གི་འབྲེལ་ཡོད་འགན་འཁུར་བ་དང་ལས་དོན་མི་སྣར་དམིགས་ནས་གསོ་སྦྱོང་བྱས་པ་རེད། གསོ་སྦྱོང་ཚོགས་འདུའི་ཐོག་རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་སློབ་ཁྲིད་མི་སྣས་གོ་བདེ་ཤེས་སླ་དང་ཚིག་ཉུང་དོན་གསལ་གྱི་སྐད་ཆའི་ནང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྨང་གཞིའི་ཤེས་བྱ་དང་། འཕྲལ་སྡོམ་དོ་དམ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ། སློབ་གསོའི་ཁོངས་གཏོགས་ཀྱི་གློ་ཚད་ཀྱི་རིམས་ནད་གསར་པ་སྔོན་འགོག་ཚོད་འཛིན་གྱི་ལག་རྩལ། ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སོགས་ནང་དོན་ཁག་ལྔར་འགྲེལ་བཤད་བརྒྱབ་པ་རེད།

         ཐེངས་འདིའི་གསོ་སྦྱོང་བརྒྱུད་གསོ་སྦྱོང་ནང་ཞུགས་མཁན་མི་སྣ་ཚང་མར་སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་གི་སྒྲིག་གཞིའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ནང་དོན་གསར་པ་ཁ་གསལ་བཟོས་པ་མ་ཟད། འབྲེལ་ཡོད་ཤེས་བྱའི་གཙོ་གནད་དང་ལག་རྩལ་གྱི་གཙོ་གནད་ཀྱང་ཁོང་དུ་ཆུད་པ་བྱས་ནས་རྫོང་དེ་ཡོངས་ཀྱི་སློབ་གསོའི་མ་ལག་གིས་ཕྱོགས་ཡོངས་ནས་སློབ་ཞུགས་སླར་གསོ་བྱ་རྒྱུར་རྨང་གཞི་ཡག་པོ་ཞིག་བཏིང་སྟེ་རིམས་འགོག་བདེ་འཇགས་ཀྱི་འགག་སྒོ་དང་པོ་བརྟན་པོ་བསྲུངས་ཡོད།

         ཤེས་རྟོགས་བྱུང་བར་གཞིགས་ན། གསོ་སྦྱོང་ཚོགས་འདུའི་ཐོག་ད་དུང་《དགུན་ཁ་དང་དཔྱིད་དུས་སློབ་གྲྭའི་འགོས་ནད་སྔོན་འགོག་ཚོད་འཛིན་ཤེས་བྱ》དང《གསར་ཞུགས་སློབ་མའི་སྔོན་འགོག་སྨན་ཁབ་རྒྱག་པའི་ལག་ཁྱེར་ཞིབ་བཤེར་ལས་དོན》སོགས་འབྲེལ་ཡོད་ནང་དོན་ཐད་གསོ་སྦྱོང་བྱས་པ་རེད།  

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།