ཧུང་ཡོན་གྱི་རྩྭ་སར་མེ་སྐྱོན་བཟོ་མཁན་ལ་ཁྲིམས་ཐག་བཅད།

རྩོམ་པ་པོ།   ཚེ་རིང་ལྷ་མོ།དུས་ཚོད།   2020-03-12   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།


       རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  གསར་འགོད་པས་རྔ་བ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ལས་རྒྱུས་ལོན་བྱུང་བ་ལྷར་ན། ཟླ་3ཚེས་11ཉིན་གྱི་སྔ་དྲོར། རྔ་བ་ཁུལ་ཧུང་ཡོན་རྫོང་མི་དམངས་ཁྲིམས་ཁང་གིས་རྒྱང་ཡུལ་གཟུགས་འཆར་གྱི་རྣམ་པ་སྤྱད་དེ་ཞུ་སྦྱོར་ཕྱི་མ་ཚེ་རིང་སྐྱབས་ཀྱིས་རྩྭ་སར་མེ་སྐྱོན་བཟོས་པའི་གྱོད་དོན་ལ་ཁྲིམས་འཚོགས་ཞིབ་དཔྱོད་བྱས་ཤིང་། ཁྲིམས་སར་དཔྱད་འབྲས་ཁྱབ་བསྒྲགས་བྱས།


ཁྲིམས་སའི་འདྲི་དཔྱོད་ཡུལ་དངོས།

ཁྲིམས་སར་རྩད་ཆོད་པ། 

           2020ལོའི་ཟླ་2ཚེས་12ཉིན། ཞུ་སྦྱོར་ཕྱི་མ་ཚེ་རིང་སྐྱབས་ཀྱིས་ཧུང་ཡོན་རྫོང་སྦྲ་ཆེན་གྲོང་རྡལ་གྱི་ཞིང་ཆེན་རིམ་པའི་ལམ་ཐིག་301གི་ལམ་རྟགས་827ནས་ཤར་གྱི་སྤྱི་ལེ་18ཀྱི་མཚམས་ནས་དུ་བ་འཐེན་པའི་དུ་སྣེ་དེ་ཀར་གཡུགས་པས། ཧུང་ཡོན་རྫོང་སྦྲ་ཆེན་གྲོང་རྡལ་གྱི་ཐང་རི་སྡེ་བ་དང་། གསེར་གཞུང་སྡེ་བ། རི་རྒན་སྡེ་བ་བཅས་ཀྱི་རྩྭ་ས་ལ་མེ་སྐྱོན་ཆེན་པོ་བཟོས། ཧུང་ཡོན་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ངོས་བཟུང་བ་ལྟར་ན། ཐེངས་འདིའི་མེ་སྐྱོན་གྱིས་བསྡོམས་པས་རྩྭ་ས་སྤྱི་ཆིང་2119ལྷག་འབར་འདུག་པར་བཤད།  

ཞུ་སྦྱོར་ཕྱི་མས་ཡུལ་དངོས་ངོས་འཛིན།

ཁྲིམས་ཁང་གི་ཐག་གཅོད།

        ཞུ་སྦྱོར་ཕྱི་མ་ཚེ་རིང་སྐྱབས་ལ་ཁྲིམས་ལྟར་ལོ་གསུམ་གྱི་ཁྲིམས་ཐག་བཅད། ཁྲིམས་ཐག་བཅད་རྗེས། ཞུ་སྦྱོར་ཕྱི་མ་ཚེ་རིང་སྐྱབས་ཀྱིས་ཁྲིམས་སར་ཉེས་པ་ཁས་བླངས་ཤིང་། དེ་ལ་འགྱོད་བཤགས་བྱས་ཏེ། གོང་རིམ་ལ་ཡར་ཞུ་མི་བྱེད་པར་ཐག་གཅོད་དང་ལེན་བྱས།


ཁྲིམས་སའི་འདྲི་དཔྱོད་ཐད་གཏོང་།

ཁྲིམས་དཔོན་གྱི་ཁྲིམས་བཤད།

          གྱོད་དོན་འདིའི་ཁྲིམས་དཔོན་ཁྲེང་ཞའོ་ལི་ཡིས་ཁྲིམས་ལུགས་གསལ་བཤད་གནང་བ་ལྟར་ན། ཞུ་སྦྱོར་ཕྱི་མ་ཚེ་རིང་སྐྱབས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་གང་སར་མཆེད་པའི་སྐབས་སུ། ལས་འཛོལ་གྱིས་རྩྭ་ཐང་ལ་མེ་སྐྱོན་བཟོས་ཏེ། མེར་ཤོར་བའི་རྩྭ་སའི་རྒྱ་ཁྱོན་ལ་བསྡོམས་པས་སྤྱི་ཆིང་2119ལྷག་འདུག  དེ་ནི་ཞིང་ལས་ཁང་ནས་བསྒྲགས་པའི་རྩྭ་སའི་མེ་སྐྱོན་རིམ་དགར་གྱི་ཆོད་དོན་ལས་རིམ་པ་གསུམ་པར་གཏོགས་ཤིང་། མཇུག་འབྲས་ཚབས་ཆེན་བཟོས་པ་དང་། སྤྱི་བའི་བདེ་འཇགས་ལ་ཡང་གནོད་སྐྱོན་ཐེབས། ཚེ་རིང་སྐྱབས་ཀྱི་བྱ་སྤྱོད་འདི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་ཨང་བརྒྱ་དང་བཅོ་ལྔ་བའི་བཀས་བཅད་དང་འགལ་འདུག་པས། མེ་སྐྱོན་བཟོས་པའི་ཉེས་པ་གྲུབ་འདུག  འདྲི་རྩད་ཀྱི་གོ་རིམ་ཁྲོད་དུ། ཁོས་དོན་དངོས་ཡོད་ཚད་སྦ་གསང་མེད་པར་བཤད་པ་དང་། རང་འགུལ་གྱིས་ཉེས་པ་ཁས་བླངས་ཤིང་དེ་ལ་འགྱོད་བཤགས་དང་། མེ་སྐྱོན་བཟོས་རྗེས་མེ་གསོད་ཀྱི་ལས་ལ་ཞུགས་པ་སོགས་ལ་གཞིགས་ནས་ཁྲིམས་ལྟར་གུ་ཡངས་བབ་བསྟུན་གྱིས་ཉེས་ཆད་བཅད་ཆོག  དེ་བས་གོང་ལྟར་ཁྲིམས་ཐག་བཅད་པ་ཡིན་ཟེར། 

ཧུང་ཡོན་མེ་སྐྱོན་གྱི་ཡུལ་དངོས།

ཁྲིམས་ལུགས་ཤེས་བྱ།

         ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་བཅའ་ཁྲིམས་ཨང་བརྒྱ་དང་བཅོ་ལྔ་བར། མེ་སྐྱོན་བཟོས་པ་དང་། ཆུ་རགས་གཏོར་བ། འབར་གས་གཏོང་བ། དུག་འཕེན་པའམ་ཡང་ན་ཉེན་ཁ་ཆེ་བའི་བྱེད་ཐབས་གཞན་སྤྱད་དེ་མི་ལ་རྨས་སྐྱོན་དྲག་པོ་བཟོ་བ་དང་། མི་གསོད་པ། སྤྱི་སྒེར་གྱི་རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་བཟོས་ཚེ། ལོ་བཅུའི་ཡན་གྱི་ཁྲིམས་ཆད་དམ། ཚེ་བཙོན། ཡང་ན་སྲོག་ཁྲིམས་གཅོད་དགོས། ལས་འཛོལ་གྱིས་གོང་གསལ་ཉེས་དོན་དག་བཟོས་ན། ལོ་གསུམ་ནས་ལོ་བདུན་བར་གྱི་ཁྲིམས་ཐག་གཅོད་དགོས། བྱས་ཉེས་ཅུང་ཚབས་ཆུང་ན། ལོ་གསུམ་མན་གྱི་ཁྲིམས་ཆད་དམ་བཙན་ཉར་ལས་སྐུལ་བྱས་ཆོག་པར་བཀས་བཅད་ཡོད།  

        རྒྱུས་ལོན་པ་ལྟར་ན། ཧུང་ཡོན་རྫོང་ནི་རྨ་ཆུའི་སྟོད་རྒྱུད་དུ་ཆགས་ཡོད་ཅིང་། རྨ་ཆུ་སི་ཁྲོན་དུ་བཞུར་སའི་ས་ཁོངས་གཙོ་བོ་ཞིག་ཡིན་ལ། ཧུང་ཡོན་རྩྭ་ཐང་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་རིག་དང་རིག་གནས་མཉམ་འབྲེལ་རྩ་འཛུགས་ཀྱིས་ཀྲུང་གོའི་རླན་སའི་སྲུང་སྐྱོང་ས་ཁུལ་གྱི་མཚན་སྙན་གནང་ཡོད། ཐེངས་འདིའི་གྱོད་དོན་ཐག་གཅོད་ཀྱི་གོ་རིམ་ཁྲོད་དུ། ཧུང་ཡོན་རྫོང་མི་དམངས་ཁྲིམས་ཁང་གིས་རྔ་བ་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་ཀའི་བླང་བྱ་ལྟར་དུ། ནགས་ཚལ་དང་རྩྭ་སར་གནོད་སྐྱོན་བཟོ་བའི་ཁྲིམས་འགལ་གྱི་ཉེས་བཟོའི་བྱ་སྤྱོད་ལ་ཁྲིམས་ལྟར་ཉེས་ཆད་གཅོད་པ་དང་། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ལ་གཏོར་བརླག་གཏོང་མཁན་གྱི་རིགས་ལ་རྒོལ་རྡུང་དྲག་པོ་གཏོང་བའི་གནས་བབ་ཅིག་བསྐྲུན་ཏེ། མཐོ་སྒང་གི་དྲང་གཞག་བརྟན་སྲུང་དང་དྲང་བདེན་སྲུང་འཛིན་བྱེད་པ་དང་། དཔེ་མཚོན་གྱོད་དོན་གྱིས་མང་ཚོགས་ཀྱི་རྩྭ་ཐང་སྲུང་སྐྱོང་གི་འདུ་ཤེས་མཐོར་འདེགས་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེར་བཏང་སྟེ། རྨ་འབྲིའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྒྲིབ་ཡོལ་བཟོ་སྐྲུན་དང་། རྔ་བ་ཁུལ་གྱི་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་གྱི་འཛུགས་སྐྲུན་གང་མགྱོགས་ཀྱིས་སྤེལ་བར་སྲ་བརྟན་གྱི་ཁྲིམས་འཛིན་འགན་སྲུང་བྱས་སོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།