ལྷ་སའི་འགག་སྒོས་བྱེ་ཐང་གི་ཆ་ག་པའི་གནོད་འཚེ་སྔོན་འགོག་ནན་མོ་བྱས།

རྩོམ་པ་པོ།   དུས་ཚོད།   2020-03-11   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

          ཉེ་དུས་ཨ་ཧྥེ་རི་ཁ་ཤར་མ་དང་། ཨེ་ཤེ་ཡ་ནུབ་མ། ཨེ་ཤེ་ཡ་ལྷོ་མ་བཅས་ཀྱི་རྒྱལ་ཁབ་ཁག་གཅིག་ཏུ་བྱེ་ཐང་གི་འབུ་ཆ་ག་པའི་གནོད་འཚེ་ཚབས་ཆེན་ལྷགས་ཡོད་ལ། ཕ་ཁི་སི་ཐན་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་པོས་གནས་ཚུལ་ཛ་དྲག་ཡིན་པ་ཁྱབ་བསྒྲགས་བྱེད་དགོས་བྱུང་ཡོད། རང་རྒྱལ་ལའང་བྱེ་ཐང་ཆ་ག་པའི་ཁྱུ་ཚོགས་ཀྱི་ཉེན་ཁ་ཐེབས་པའི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད། སྲིན་འབུའི་ཁྱུ་ཚོགས་འདིས་རང་རྒྱལ་དུ་བཙན་འཛུལ་བྱས་ཚེ། བོད་ལྗོངས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་དང་སྐྱེ་ཁམས་ཁོར་ཡུག མི་དམངས་མང་ཚོགས་ཀྱི་འཚོ་བ་བཅས་ལ་གཏོར་བརླག་ཐེབས་སྲིད་པ་མ་ཟད། ཐ་ན་སྤྱི་ཚོགས་ཀྱི་ཉམས་ཉེན་སློང་རྐྱེན་དུ་འགྱུར་ཡང་སྲིད་པ་ཡིན།

         བྱེ་ཐང་ཆ་ག་པ་ནི་འབུ་སྲིན་ལས་རྐང་ཁྲའི་རིགས་ཀྱི་བྱེ་ཐང་འབུ་སྲིན་ཡིན་ལ་འཕུར་རྩལ་ལེགས་ཤིང་ཟ་ཚད་ཆེ་བ་དང་། སྤྱི་ལེ་གྲུ་བཞི་མ་རེར་འབུ་ཁྲི་8000ཡོད་པའི་ཁྱུ་ཚོགས་ཆེན་པོ་འདུ་ལ། འབུ་ཁྱུ་རེས་ཉིན་རེར་མི་ཁྲི་3.5ཡི་ཁ་ཟས་ཁྱུར་མིད་གཏོང་བ་ཡིན་པས། འབྲུ་རིགས་ཀྱི་བདེ་འཇགས་དང་གྲོང་གསེབ་ཀྱི་འཚོ་ཇུས་ཀྱི་གཉེན་པོ་འཇིགས་སུ་རུང་བ་ཞིག་ཡིན་ལ། འཛམ་གླིང་གི་གཏོར་བརླག་རང་བཞིན་ཆེ་ཤོས་ཀྱི་གནས་སྤོའི་གནོད་འབུ་རུ་ངོས་འཛིན་བྱེད་ཀྱི་ཡོད། 

         འབུ་སྲིན་འགོག་སྲུང་གང་ལེགས་བྱ་ཆེད་བོད་ལྗོངས་འགག་སྒོའི་སྤྱི་ཁྱབ་ཧྲུའུ་ནས་ཛ་དྲག་བརྡ་ཐོ་བཏང་ནས། ཐད་གཏོགས་འགག་སྒོ་ཁག་གིས་ཆབ་སྲིད་ཀྱི་འདུ་ཤེས་མཐོར་འདེགས་གཏོང་བ་དང་། རིམས་འགོག་ཚོད་འཛིན་གྱི་འདུ་ཤེས་ཕྱོགས་ཡོངས་ནས་ཇེ་ཟབ་གཏོང་བ། འབུ་སྲིན་གནོད་འཚེའི་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རང་རྒྱལ་གྱི་ཞིང་ལས་དང་། ནགས་ལས། འབྲོག་ལས་བཅས་ཀྱི་ཐོན་སྐྱེད་བདེ་འཇགས་སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ལྷ་སའི་འགག་སྒོ་ལས་ཁུངས་ཀྱིས་གནོད་འཚེ་སྔོན་འགོག་བྱ་ཐབས་བཞི་ལག་བསྟར་བྱས་ནས་འབུ་སྲིན་གྱིས་མུ་གེའི་སྟེང་ལ་ཟླ་ལྷག་གི་གནས་ཚུལ་བཟོ་བ་སྔོན་འགོག་བྱས་ཡོད་དེ། གཅིག་ནས་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་དང་། ནགས་ལས་དང་རྩྭ་ཐང་ཅུས་བཅས་དང་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་པར་ཤུགས་བརྒྱབ་ནས། འགག་སྒོ་བཙུགས་མེད་སའི་རིམས་ནད་ཀྱི་ཆ་འཕྲིན་བསྡུ་རུབ་དང་ཞིབ་འཇུག་བརྡར་གཅོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ། གཉིས་ནས་ཁོངས་གཏོགས་འགག་སྒོ་ཁག་གིས་རྒྱལ་མཚམས་བརྒལ་བའི་ཚོང་ཟོག་དང་སྐྱེལ་འདྲེན་ཡོ་བྱད་ལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་བརྒྱབ་ནས་བྱེ་ཐང་ཆ་ག་པ་དངོས་ཟོག་དང་འགྲིམ་འགྲུལ་ཡོ་བྱད་དང་མཉམ་དུ་ནང་འཛུལ་འབྱུང་བ་སྔོན་འགོག་བྱེད་དགོས་པའི་བླང་བྱ་བཏོན། གསུམ་ནས་རྒྱལ་སྤྱིའི་རྩི་ཤིང་གི་ནད་ཡམས་བརྟག་ཞིབ་བྱེད་ཐབས་ཀྱི་ཚད་གཞི་(ISPM6)ཨང་དྲུག་པ་གཞིར་བཟུང་ནས་རྒྱལ་མཚམས་འགག་སྒོའི་མཐའ་འཁོར་གྱི་སྤྱི་ལེ་2ཀྱི་ཁྱབ་ཁོངས་ནང་བྱེ་ཐང་ཆ་ག་པའི་ལྟ་ཞིབ་ཚད་ལེན་དང་ཡོངས་ཁྱབ་ཞིབ་བཤེར་བྱེད་པ་དང་། འབྲེལ་ཡོད་གྲངས་གཞི་དུས་ཐོག་ཏུ་ཕྱོགས་སྡོམ་དང་དབྱེ་ཞིབ་བརྡར་གཅོད་བྱས་ཏེ། བྱེ་ཐང་ཆ་ག་པའི་གནོད་འཚེ་དུས་ཐོག་དང་ཚན་རིག་དང་མཐུན་པ། ནུས་ཕྱོད་ཆེ་བའི་ངང་ཁ་གཏད་གཅོག་པའི་དུས་ཚོད་བརྩོན་ལེན་བྱེད་པ། བཞི་ནས་རིམས་ནད་ཀྱི་ཆ་འཕྲིན་བསྡུ་རུབ་ལ་ཤུགས་སྣོན་རྒྱག་པ་སྟེ། ནེ་པ་ལ་དང་རྒྱ་གར་གྱི་འབུ་སྲིན་གནོད་འཚེའི་འབྲེལ་ཡོད་ཆ་འཕྲིན་ཐབས་བརྒྱ་ཇུས་སྟོང་གིས་བསྡུ་རུབ་བྱས་ནས། མངའ་ཁོངས་ཕྱིའི་སྲིན་འབུའི་རྒྱུ་ལམ་དང་མྱུར་ཚད་ལ་གཞི་བཅོལ་ནས་རང་རྒྱལ་ལ་སླེབས་པའི་དུས་ཚོད་དཔྱད་དཔོག་བྱེད་པ་དང་། སྔོན་ཚུད་ནས་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།