བྱེས་སྐྱེས་སྲོག་ཆཊ་འབོར་ཆེན་ཚོང་གཉེར་གྱི་གྱོད་གཞི་2རྩད་ཆོད་པ།

རྩོམ་པ་པོ།   དུས་ཚོད།   2020-03-11   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

         2020ལོའི་ཟླ་3ཚེས་2ནས་ཚེས་4ཉིན་བར། ཧེ་ལུང་ཅང་ཞིང་ཆེན་ཧོ་ཀང་གྲོང་ཁྱེར་ལུའོ་པེ་རྫོང་སྤྱི་བདེ་ཅུས་ཀྱིས་བྱེས་སྐྱེས་སྲོག་ཆགས་ཁྲིམས་འགལ་ངང་ཚོང་གཉེར་བྱས་པའི་ཉེས་དོན་གྱོད་གཞི་2རྩད་ཆོད་བྱུང་བ་དང་ཆབས་ཅིག ཉེས་གསོག་དོགས་ཅན་2འཛིན་བཟུང་བྱས་ཡོད།

          ཟླ་3ཚེས་2ཉིན། ལུའོ་པེ་རྫོང་སྤྱི་བདེ་ཅུས་ཀྱིས་ཁུངས་སྣེ་མཐིལ་རྟོགས་བྱས་པ་བརྒྱུད་རྩད་ཆོད་བྱུང་བར། ཉེས་གསོག་དོགས་ཅན་ཏོན་ཆེ་གེ་མོར་ཁྲིམས་འགལ་ངང་བྱེས་སྐྱེས་སྲོག་ཆགས་ཚོང་གཉེར་བྱས་པའི་དོགས་གཞི་ཡོད་པ་དང་འབྲེལ། ཁོས་གླས་པའི་འཁྱག་མཛོད་ནང་བྱེས་སྐྱེས་སྲོག་ཆགས་ཤི་བོ་འབོར་ཆེན་བཞག་ཡོད་པ་ཤེས་རྟོགས་བྱུང་བས། ཉེན་རྟོག་ཕྱོགས་ཀྱིས་ཉེས་གསོག་དོགས་ཅན་ཁོ་འཛིན་བཟུང་བྱས་ཡོད་ལ།  ཉེན་རྟོག་པས་ཡུལ་དངོས་ནས་ཕག་རྒོད་7དང་། ཕག་རྒོད་ཀྱི་ཤ་རྡོག་6  བྱ་རྒོད་81 ངང་རྒོད་51 རི་སྐྱེས་རི་བོང་13 བྱི་བ་ཐལ་སྐྱ་29 ནགས་སྦལ་5000ཙམ་བཅས་རྩད་ཆོད་བྱུང་ཡོད། 

         ཟླ་3ཚེས་4ཉིན། ཉེན་རྟོག་ཕྱོགས་ཀྱིས་ཉེས་གསོག་དོགས་ཅན་ལོའུ་ཆེ་གེ་མོར་ཁྲིམས་འགལ་ངང་བྱེས་སྐྱེས་སྲོག་ཆགས་གཉེར་སྐྱོང་བྱས་པའི་དོགས་གཞི་ཡོད་པ་ཤེས་རྟོགས་བྱུང་བ་མ་ཟད། རྫོང་ནང་ཁུལ་གྱི་དངོས་ཟོག་ཚོང་ཁང་ཞིག་གི་རླངས་འཁོར་འཇོག་ཁང་ནས་བྱེས་སྐྱེས་སྲོག་ཆགས་གསོན་པོ་དང་ཤི་བོ་འབོར་ཆེན་རྩད་ཆོད་ཐུབ་ཡོད། གྱོད་གཞི་ཞིབ་གཅོད་བྱེད་མཁན་མི་དམངས་ཉེན་རྟོག་པས་ཡུལ་དངོས་ནས་ཕག་རྒོད་ཀྱི་ཤ་ཁུག་མ་12དང་། ཤྭ་བའི་ཤ་ཁུག་མ་21 ཁ་ཤྭའི་ཤ་ཁུག་མ་34  རྡོ་བྱ་14དང་བྱ་རྒོད་12 འཕུར་འབྲུག་2བཅས་དང་། དེ་བཞིན་ནགས་སྦལ་གསོན་པོ་437དང་ཤི་བོ་500  སྦལ་པ་གསོན་པོ་7700ལྷག་ཙམ་བཅས་རྩད་ཆོད་བྱུང་ཡོད།

          འདྲི་རྩད་བྱས་པ་བརྒྱུད་གསལ་རྟོགས་བྱུང་བར། ཏོན་ཆེ་གེ་མོ་དང་ལོའུ་ཆེ་གེ་མོ་གཉིས་སོ་སོས་བྱེས་སྐྱེས་སྲོག་ཆགས་ཁྲིམས་འགལ་ངང་ཚོང་གཉེར་བྱས་པའི་ཉེས་གསོག་དོན་དངོས་ཚང་མ་ཁས་ལེན་བྱས་ཡོད་ཅིང་། མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་ཉེས་གསོག་དོགས་ཅན་2ལ་ཉེས་དོན་བཙན་ཤེད་ཀྱི་བྱ་ཐབས་སྤྱད་ཡོད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།