ཨ་མ། ངས་ཁྱེད་རང་རབ་ཏུ་དྲན།

རྩོམ་པ་པོ།   རྨེ་ཡི་དམ་སྐྱིད།དུས་ཚོད།   2020-03-10   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

     སྙིང་ནས་བརྩེ་བའི་ཨ་མ་ལགས། ཉེ་ལམ་བདེ་མོ་ཡིན་ནམ། སྤྱིར་དེ་རིང་ནི་གསུམ་བརྒྱད་བུད་མེད་དུས་ཆེན་ཏེ་འཇིག་རྟེན་འདིའི་སྟེང་གི་དཔའ་མཛངས་ལྡན་པའི་བུད་མེད་དག་ལ་རྗེས་དྲན་བྱེད་པའི་ཉིན་མོ་ཞིག་རེད། དེའི་དོན་གསལ་བོ་ཞིག་མ་བཤད་ན་ཁྱོད་ཀྱིས་ཧ་གོ་མི་སྲིད་མོད། ངས་ཁྱེད་ལ་རྒྱང་རིང་ནས་ཚེ་རིང་ནད་མེད་ཡོང་བའི་སྨོན་འདུན་སྙིང་ནས་ཞུ་བཞིན་ཡོད། ཨ་མ། ངེད་གཉིས་མ་མཇལ་ཡུན་རིང་ལོན་པས་ངས་ད་ལྟ་ཁྱེད་རང་ཤིན་ཏུ་དྲན། ཟླ་སྔོན་མར་ཁྱེད་ཀྱིས་ཁ་པར་ཡར་སྣོག་མར་སྣོག་ཅིག་བྱས་ཏེ་སྟེས་དབང་གིས་ང་ལ་འཕྲོད་སོང་། དེ་དུས་ངས་གཟུགས་མཐོང་ལས་ཁྱེད་ཀྱི་ཞལ་རས་འཁྱུག་ཙམ་མཐོང་བ་ལས་སྐད་ཆ་སོགས་ཅི་ཡང་བཤད་ལོང་མ་བྱུང་བར་གཟུགས་མེད་ཀྱི་སྐུད་སྣེ་དེ་གཞི་ནས་འགགས། དེ་རྗེས་ངས་ཕྱིར་ཁྱེད་ལ་གཟུགས་མཐོང་ཁ་པར་ཐེངས་འགར་བཏང་ཡང་ཁྱེད་ཀྱིས་ཉན་ཐུབ་མ་སོང་། ཨ་མ་ལགས། ངས་མཐོང་བ་ཡིན་ན་ད་ནི་ཁྱེད་ཀྱི་གདོང་གི་གཉེར་མ་རབ་ཅིག་ཇེ་མང་དུ་ཕྱིན་འདུག གདུག་རྩུབ་ཀྱི་ལོ་ཟླས་བྲིས་པའི་ཁྱེད་ཀྱི་གདོང་གི་གཉེར་མ་མང་པོས་བུ་མོ་ངའི་སེམས་ཀྱི་གཏིང་དུ་སྨྲ་མི་ཤེས་པའི་ཚོར་བ་སྐྱུར་མོ་ཞིག་བསྙལ།

     ཨ་མ། ངས་དུས་རྒྱུན་ཁྱེད་ལ་ཁ་པར་ཐེངས་མང་བཏང་བ་ཡིན་མོད། ཁྱེད་ཀྱིས་རྟག་ཏུ་ཁ་པར་གྱི་སྒོ་གཏན་འདུག ཁྱེད་ཀྱིས་ངེད་མིང་སྲིང་ཚོའི་རེ་བ་བཞིན་ཁ་པར་ཞིག་བཟུང་བ་ཙམ་ལས་ཁྱེད་རང་ཁ་པར་སྤྱོད་རྒྱུར་དེ་ཙམ་ལོབས་ཀྱིན་མེད་པ་འདྲ། ཁྱེད་ལ་ཅི་ཁག་སྟེ། ཁྱེད་ཀྱི་མི་ཚེའི་ཕྱེད་ཀ་ནི་ལྷིང་ཞིང་འཇགས་པའི་འབྲོག་ལྗོངས་སྣུམ་པོ་དེ་གར་ཟད་པས་སྒྱུ་མ་ལྟ་བུའི་དེང་གི་དངོས་པོ་དག་ཁྱེད་ལ་གཏན་ནས་གོམས་མི་སྲིད།

     ཨ་མ་ལགས། སྤྱིར་ངས་ཁྱེད་ལ་སྙིང་གཏམ་ཞིག་གི་ཚུལ་དུ་འཕྲིན་ཡིག་ཅིག་འབྲི་འདུན་སྔ་མོ་ནས་ཡོད་མོད། ང་རང་ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་ཤོར་ཏེ་ད་བར་དུ་ལྷག་སོང་། ཨ་མ་ཁྱེད་ཀྱིས་ངར་གློག་བརྙན་ལ་ལྟ་བའི་གོམས་གཤིས་དེ་རྩ་བ་ནས་མེད་པར་གཏོང་དགོས་ཞེས་བཤད་མྱངས་བ་དྲན་ནམ། ཡིན་ཡང་གོམས་གཤིས་དེ་ད་དུང་བསྒྱུར་ཐུབ་ཀྱིན་མི་འདུག དེ་ནི་ངས་ཁྱེད་ཀྱི་ཁར་མ་བླངས་པ་མིན་མོད། ཕྱི་རྐྱེན་ནང་རྐྱེན་མང་པོ་ཞིག་གིས་དེ་རྩ་བ་ནས་འདོར་ཐབས་མ་བྱུང་བས་ངས་ཁྱེད་ལ་དགོངས་དག་ཞུ་རྒྱུ་ཡིན། ཨ་མ་ལགས། ད་དུང་ཁྱེད་ཀྱིས་ངར་གང་དུ་སོང་ཡང་དཔེ་ཀློག་གི་མཚམས་འཇོག་མི་ཉན་ཞེས་ཀྱང་བཤད་མྱངས་པས། བུ་མོ་ངས་ནུས་ཚོད་ཀྱིས་དཔེ་ཀློག་བྱེད་བཞིན་ཡོད། ཨ་མ་ཁྱེད་ནི་ནམ་ཡང་ང་ལ་ཡིད་ཆེས་དང་རེ་བ་སྩོལ་མཁན་གྱི་མི་དེ་ཡིན་ལ། ངར་ལེགས་ཉེས་ཀྱི་བྱ་བ་གང་ལ་ཕྲད་ཀྱང་ལེ་བདའ་དང་འཁང་ར་མེད་པར་རྒྱབ་ནས་སྐྱོར་མཁན་གྱི་མི་དེའང་ཡིན། ཁྱེད་ཡོད་པས་ངའི་འཚོ་བའི་ཁ་དོག་ལ་སྔར་བཞིན་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ཡོད། ཨ་མ་ལགས། མི་ཡུལ་སྡེ་མཐའི་སྒོ་ཆེན་དལ་གྱིས་ཕྱེས་དུས་ངའི་སེམས་སུ་དོགས་པ་དང་དྲི་བ་མང་པོ་ཞིག་གིས་ཡོངས་སུ་མནར་མྱངས་མོད། འོན་ཀྱང་ངས་ལག་པ་བྲང་ཁར་བཞག་ནས་ཁྱེད་ཀྱིས་བཤད་པའི་བསླབ་བྱ་རེ་རེ་ཡིད་ལ་བསྒོམས་ཤིང་སྙིང་ལ་བཅངས་པ་ཡིན། ཨ་མ། ང་ནི་ཁྱེད་རང་ལྟ་བུའི་འབྲོག་མོ་མཛངས་མ་ཞིག་ཏུ་འགྱུར་ཐབས་ཡེ་ནས་མེད་ཀྱང་། ང་ཁྱེད་ཀྱི་མཚང་དང་ངོ་ཚར་ནམ་ཡང་འགྱུར་ན་མི་འདོད།

     ཨ་མ། བུ་མོ་ངས་ཁྱེད་དང་མཉམ་དུ་བསྡད་མྱོང་བའི་ཞི་འཇམ་གྱི་བྱིས་དུས་དེ་ཧ་ཅང་དྲན། ངས་རང་མགོ་མ་འཁྱོངས་བར་དུ་ཁྱེད་ཀྱིས་ང་རང་གང་སར་ཁྲིད་ནས་སོང་བ་རེད་སྙམ་ན། ངས་ཀྱང་རང་མགོ་ཐོན་ཙམ་བྱུང་བའི་དུས་འདིར་ཁྱེད་རང་གཅིག་པུ་བསྐྱུར་ན་མ་འདོད་པས། ངལ་གསོ་དག་གི་དུས་ཚོད་ནང་དུ་ཁྱེད་རང་འཁྲིས་སུ་ཁྲིད་ནས་ཕྱི་རོལ་ལ་འགྲོ་གང་ཐུབ་བྱས་པ་ཡིན། སྐབས་དེར་ཁྱེད་ཀྱི་བཞིན་རས་འཛུམ་གྱིས་ཁེངས་ཡོང་དུས་ངས་ང་རང་གི་རྨི་ལམ་ལྟ་བུའི་བྱིས་དུས་དེ་གསལ་ལེར་དྲན་ཐུབ། གང་ལྟར་ཁྱེད་རང་ང་ཡི་འཁྲིས་སུ་ཡོད་ན་ངའི་སྣང་བའང་ཤིན་ཏུ་སྐྱིད། ཨ་མ་ལགས། ད་ལྟ་ངེད་མ་བུ་གཉིས་མཉམ་འགྲོ་མཉམ་འདུག་བྱེད་པའི་དུས་ཚོད་ཉུང་ནས་ཉུང་དུ་འགྱུར་བཞིན་འདུག་བསམ་ན། ངའི་སེམས་པ་གཟུགས་སུ་མ་གྲུབ་པའི་སྐྱོ་བ་ལྗིད་མོ་ཞིག་གིས་ཁད་ཀྱིས་མནན་ཡོང་།

    ཨ་མ། ད་དུང་བུ་མོ་ངས་ཁྱེད་ལ་བཤད་འདོད་པའི་སྐད་ཆ་ཧ་ཅང་མང་མོད་དེ་རིང་འདི་ཙམ་གྱིས་ཆོག་པར་བྱེད། སླད་མར་ངེད་གཉིས་མ་བུ་མཉམ་འཛོམས་ཀྱི་སྐབས་སུ་ངས་ཁྱེད་ལ་སྙིང་གཏམ་མང་པོ་མང་པོ་ཞིག་བཤད་ཆོག ཨ་མ་ལགས། ཁྱེད་ནི་བུ་མོ་ངས་ཚེ་ཚེ་རབས་རབས་སུ་བསགས་པའི་ཡིད་བཞིན་གྱི་ནོར་བུ་དེ་ཡིན། དུས་ཆེན་འདིར་ངས་ཁྱེད་ལ་ལོ་བརྒྱ་ཐོབ་ཅིང་སྟོན་བརྒྱ་མཐོང་བའི་སྨོན་འདུན་སྙིང་ནས་ཞུས་པ་ཡིན། ཨ་མ་ལགས།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།