ངའི་ཨ་མ་སེམས་ཀྱི་ལྷ་མོ་དང་ཚེ་ཡི་སྲུང་མ་ཡིན།

རྩོམ་པ་པོ།   ཞོ་ར་བསམ་འགྲུབ་རྒྱལ།དུས་ཚོད།   2020-03-10   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           འཇིག་རྟེན་གྱི་ཨ་མ་ནི། ལྷའི་ཕྱག་སོར་ལས་སྙན་པར་འཁྲོལ་བའི་རོལ་མོའི་དབྱངས་འགྲོས་ཤིག་དང་འདྲ་བས། དུས་ལ་གདགས་སྲིབ་མེད་པར།ངའི་དྲན་ཤེས་ཀྱི་མཚེའུ་ངོགས་སུ་སྟོན་རླུང་གིས་བདས་པའི་ལོ་མ་ལྟར་ག་ལེར་སྤུངས་འོང་ཞིང་།སྡུག་བསྔལ་བྱེ་བའི་རྡོ་ཟེགས་སྤུངས་པའི་འཁོར་བ་ཡི་མྱ་ངམ་ཐང་ཡིན་ཡང་།བརྩེ་བའི་ཨ་མ་ཡོད་ན།ད་གཟོད་ང་ཁོ་ནར་དབང་ཆོག་པའི་འཇིག་རྟེན་ཧྲིལ་བོར་གཞར་ཡང་འོད་ལམ་ལམ་འཚེར་ཏེ་ལྗང་ནེམ་ནེམ་གཡོ་བཞིན་ཡོད།

             རེ་ཞིག ལས་སྨོན་གྱི་སྐུད་སྣེར་དམ་དུ་བཅིངས་ཏེ་ང་ཡི་འགྲོ་འདུག་ཉལ་འཆག་ལ་སེམས་པའི་ཉི་འོད་ཀྱིས་ཡང་ཡང་འཚོ་བའི་ཨ་མ་ཁྱེད་ནི།ཞིབ་ཏུ་བསམས་ན།ང་ཡིས་སྐྱེ་བ་གྲངས་མེད་ལ་བསགས་པའི་བསོད་ནམས་ཀྱི་རྫོངས་པར་སྒོམ་ཆོག་པས། དུས་ནམ་ཞིག ཁྱེད་ཀྱི་ལྷུན་པོའི་རྩེ་དང་རྒྱ་མཚོའི་ཁ་ཞེང་ལས་རྔམ་མཐུག་པའི་བཀའ་དྲིན་གྱི་ཕུང་བོ་མཐའ་དག སེམས་པའི་དྲོད་ཁོལ་བསྩལ་ཏེ་རྒྱུ་འབྲས་ཀྱི་སྤང་གཤོངས་ལས་བཞད་པའི་མཛེས་སྡུག་གི་མེ་ཏོག་སྣ་ཚོགས་བསྐལ་བ་ག་ཚོད་ལ་ངའི་ལོངས་སྤྱོད་ཀྱི་གསོས་སུ་འགྱུར་ཆོག་ཨང་།

            འདས་སོང་གི་རྐང་སྣེར་འཁྱིལ་བའི་རྨི་ལམ་སྟོང་གི་རྒྱུད་སྐུད་ལྷོད་ཀྱིས་དཀྲོལ་དུས། བྱིས་དུས་ནི་ཨ་མ་དང་འུ་གཉིས་ཀྱི་གཏམ་རྒྱུད་ལ་ཚེ་སྲོག་གི་ལྗང་ལོ་སྨིན་པའི་ཡིད་འོང་གི་དུས་ཚིགས་ཤིག་ཏུ་ངོས་འཛིན་ཆོག་ལ།ཐོ་རེངས་ཀྱི་སྐྱ་མདའ་འགྱོགས་ཐེངས་རེ་རེར།གཉེར་རིས་དང་སེར་ཁས་ཡོངས་སུ་དཀྲིས་པའི་ཨ་མའི་ཕྱག་ཟུང་གིས།ང་ཡི་ལྭ་བ་མེ་ལ་བསྲོ་བཞིན་རྒྱབ་ཏུ་བསྐོན་པའི་སྣང་བརྙན་བརྗེད་དུ་མེད་པ་དེ་དག མ་གཞིར། ཚེ་འདིའི་གྲང་ངར་གྱི་དཀའ་སྡུག་སྣ་ཚོགས་ལས་རིང་དུ་འབྲལ་བའི་སྨོན་ལམ་དང་། བཅུད་དང་བྱིན་རླབས་འཛིན་པའི་ཁ་ནང་གི་ཟས་ཁམ་བུ་རེ་རེ། ཡང་ཡང་མུར་གྱིན་ང་ལ་ལྡུད་པའང་།ཉིན་རེའི་འཚར་ལོངས་ཀྱི་གོ་རིམ་ཁྲོད་དགོས་ངེས་ཀྱི་སྙིང་བོར་རློམ་ཆོག་པས། འཁོར་བའི་རྐང་རྗེས་དབབ་སའི་གནས་ཀུན་ཏུ།ཡང་སྙིང་ཨ་མ་ལས་དཀྱེལ་ཡངས་ལ་ཐུགས་དྲོ་བའི་བདག་མོ་ཞིག་ས་སྟེང་ནས་ཇི་ལྟར་འཚོལ་དགོས།གང་དུ་རྙེད་ཨང་།རྒས་ཤིང་ཉམ་ང་བའི་ཁེར་རྐྱང་གི་ལྗོན་པའི་འོག་ཏུ། ངས་དེ་ལྟར་ཡང་ཡང་སྙམ།

             ངའི་སྙིང་ཉེ་བའི་ཨ་མ་ལགས། ཁྱེད་ཀྱི་ལྷག་བསམ་དང་ལང་ཚོའི་མེ་ལྕེས་བཙགས་པའི་ནས་ཆང་སྔོན་མོ་དང་། ཁྱེད་ཀྱི་བདེན་པ་དང་སྙིང་སྟོབས་ཁོ་ནར་འགྲོགས་པའི་ཕྱིར་དྲན་གྱི་ལེའུ་སྣ་ཚོགས། འདི་ལྟར་གཙང་ཆུ་བཞིན་ངའི་མི་ཚེའི་གྲམ་པར་ལྷུང་ལྷུང་རྒྱུགས་འོང་དུས།འཁོར་བའི་སེམས་བྱུང་སྣ་ཚོགས་ཀྱིས་ཉེ་བར་བསྐྱེད་པའི་མཁའ་དབུགས་ལྗན་ལྗིན་གྱི་ཁྲོད། ཁྱེད་ཀྱིས་སྲོག་དང་བསྡོས་ཏེ་མང་པོ་མང་པོ་ཞིག་ང་ཁོ་ནའི་ཆེད་དུ་བཏང་བ་ཞེ་ནས་དྲན་ན།འཇིག་རྟེན་གྱི་ལུང་བ་འདི་རུ། ཁྱེད་ཁོ་ནར་ད་དུང་ཅི་ཞིག་ལྷག་ཡོད་ཨང་།

            ཨ་མ་ནི།མ་གཞི་ནས་འཇིག་རྟེན་གྱི་བརྩེ་བའི་འབོད་པ་གཞན་ཞིག་སྟེ།བྱིས་པའི་མི་གཙང་བ་ཐམས་ཅད་ལྕེ་ཡིས་ལྡག་གིན་སེམས་པའི་སྙི་ས་ནས་སྐྱོང་བའི་རླབས་ཆེའི་མཁའ་འགྲོ་མའི་སྤྱོད་འགྲོས་རིགས་ཤིག་ཡིན་རྐྱེན།ཆགས་སྡང་གིས་ཁེངས་པའི་མི་ཡུལ་གྱི་ཕྱེད་ཀ ཨ་མ་གཅིག་པུས་འདེགས་ཀྱིན། ཨ་མ་ཁོ་ནར་རག་ལས་པའི་རྩ་དོན་ལ་སུ་ཡིས་ཨུ་ཚུགས་ཚ་པོ་བྱེད་སྲིད།

           ང་རང་ཕ་ཡུལ་དང་བྲལ་ཏེ་ལོ་ཟླ་ཅི་ཙམ་ཕྱིན་ཡང་།ནམ་ཡང་སྦྲ་ནག་གི་སྒོ་དྲུང་དུ་རྡུལ་སྨུག་གཏིབས་པའི་རྐང་ལམ་དུ། ངའི་ལོག་ཕེབས་ཀྱི་དོན་ལ་ཕྱག་ཟུང་ཀེར་བཞིན་རྒྱང་མིག་གིས་འཚོ་བ་ཨ་མ་ཁོ་ན་ཡིན་ཞིང་།སྡོད་དུ་མེད་པའི་དུས་ཚོད་ཀྱི་ངོགས་སུ་མི་སེམས་བསྒུལ་བའི་ཉིན་རེའི་ཁམས་འདྲི་གནང་མཁན་ཡང་ཨ་མ་ལས་མ་འདས་པས།ནམ་ནམ་ཞར་ཞར། ང་རང་གཅིག་པུ་སྙིང་མགོར་ཚེར་མ་བཞིན་ཐོགས་ཏེ།སྐབས་རེར་ཉིན་མོའི་ཟས་དང་མཚན་མོའི་གཉིད་གཅོག་མཁན་ཡང་།ལག་ཟུང་བྲང་ཁར་འཇོག་དུས་ཨ་མ་ལས་རྙེད་དུ་མེད་པས།བསམ་བློ་གཏོང་བཞིན་དུ། ཨ་མ་ནི་སྤྱིར་བཏང་དང་ཡང་ན་སྤྱིར་བཏང་མ་ཡིན་པའི་འཁོར་བའི་སྨུག་ལང་ལོང་ཁྲོད་འོད་ཀྱིས་བསླེས་པའི་གོང་བུ་ཞིག་ཅི་ལ་མིན།

           བདེ་སྡུག་སྣ་ཚོགས་བསྣོལ་མར་བྲེས་པའི་ཞིང་འདི་རུ། ཨ་མ་ཟེར་བའི་བདག་ཉིད་ཅིག་སྤྱི་བོའི་རྒྱན་དུ་འཚེར་བ་འདི་ཡིས། ང་ཡི་རྒྱབ་རི་སྔར་བས་སྨུག་ལྟེམས་ལྟེམས་བརྗིད་ཅིང་མཛེས་ལ།ཨ་མའི་རྐྱེན་པས། ང་ཡི་འཛུམ་བག་གི་འདབ་ཁ་ལྷུག་པོར་གྲོལ་ཅིང་གདངས་ལ་སྙན་པ་བྱེ་བའི་འགྱུར་ཁུགས་བྱོན་ཡོད། མདོར་དྲིལ་ན།ཨ་མ་ནི་འཇིག་རྟེན་དཀར་ངོགས་སུ་ཉིན་མོའི་མཁའ་རླུང་དང་མཚན་མོའི་ཟླ་འོད་འཇམ་པོ་ཇི་བཞིན། ང་ཡི་འཁོར་བའི་སྐྱིད་སྡུག་སྣ་ཚོགས་སྲུང་བའི་ལས་དབང་གི་བདག་པོ་ཁོ་ནར་གྱུར་ཡོད།ཨ་མ་ལགས།རྒྱང་དུ་འཐེན་པའི་མི་ཚེའི་ལམ་གྱི་ངོགས་ནས།ད་དུང་ང་ལ་དྲོད་མ་ཡལ་བའི་བྱིན་རླབས་དང་ཁ་ཕྱོགས་མུ་རུ་སྩོལ་དང་། ངས་ཁྱེད་ཀྱི་རེ་བའི་སྙིམ་རྩེ་ལས་འཕོས་བའི་འོད་ཀྱི་ཕུང་བོ་དེ་དག མཆུ་ཡིས་བརླན་ཏེ་སེམས་ཀྱིས་སྲུང་བར་བྱའོ།།

          ང་ལ་མཚོན་ན། ཨ་མའི་ཞལ་རས་དང་ཨ་མའི་གླུ་སྐད། ད་དུང་ཨ་མའི་འཛུམ་མདངས་ལུས་དྲིས་མཚོན་པའི་ཁྱད་ཆོས་ཡན་གར་བ་ནི། མ་གཞིར། བླ་ན་མ་མཆིས་པའི་འཁོར་བའི་ལོངས་སྤྱོད་དང་བདེན་པའི་འོད་སྣང་ལ་ཁ་ཕྱོགས་པའི་སྒེའུ་ཁུང་ཆུང་ཆུང་ཞིག་ཏུ་བལྟས་ཡོད་པས། འདི་ལས་ལྷག་པའི་རྒྱུ་ནོར་རྩ་ཆེན་གྱི་དོན་ལ། རྟ་ཕོ་བཞིན་ལམ་དུ་དཀྱུས་ཏེ་ཇི་ལྟར་རྒྱུགས་ཀྱང་རྙེད་མི་སྲིད་ཅིང་། མགོ་བོ་གནམ་ལ་འཁོར་ཏེ་རྐང་ལག་གིས་ས་ལ་ཅི་ཙམ་བརྡུངས་ཀྱང་།ངལ་བའི་རྒྱུ་ཁོ་ན་ལས་མ་མཆིས་སོ།།

           གང་ལྟར།འཚོ་བའི་བྲེལ་ཟིང་གི་བར་ནས་ངས་འདི་ལྟར་བསམ་བློ་གཏོང་བཞིན་ཡོད་དེ། དུས་ཚོད་ཀྱི་བརྡབ་གསིག་ཐེངས་ཤིག་གིས། ཨ་མའི་ལང་ཚོའི་སྐྲ་ལོ་དང་བཅས་སྔ་མོ་ནས་ཕྱི་ནང་མེད་པར་ཁ་བས་གཙང་མར་བཀྲུས་ནའང་།བརྩེ་བའི་གདང་ལ་བརྒྱུས་པའི་འོད་ཀྱི་གོང་བུ་རེ་རེས་གནམ་སའི་ཕྲག་པར་ཕྱོགས་སུ་མ་ལྷུང་བའི་དྲོད་ལྷག་མ་ཞིག་བསྐྱལ་འདུག་པས།མཚན་མོ་རེ་རེའི་འོག་ཏུ།ནམ་མཁའི་དབྱིངས་སུ་ལྷེམ་ལྷེམ་འགུལ་བའི་སྐར་མའི་མིག་ཟུང་རེ་རེ། ངས་ནི་ཨ་མ་དྲན་པའི་གླུ་ཆུང་དུ་ངོས་འཛིན་ཞོར། ཉིན་མཚན་དུས་དྲུག་ཏུ། གུས་པའི་མཐོང་ཐོས་ཀྱི་སྒང་ལ་ཡང་ཡང་མངོན་ཏེ།དུས་ནམ་ཡང་ལུས་སེམས་གསོ་བའི་ས་ཚིགས་ཤིག་ཏུ་འགྱུར་བར་སེམས་གཏིང་ནས་སྨོན་ལམ་རྒྱག་གིན་ཡོད།

           མདོར་ན། ཨ་མ་ནི་འཇིག་རྟེན་གྱི་སྐྱེད་ཚལ་ཁྲོད་ཆེས་སྙིང་དུ་སྡུག་པའི་མེ་ཏོག་རྐང་གཅིག་དང་འདྲ་བར། དུས་ཚོད་ཀྱི་སྔ་གཞུག་གང་དུའང་། རང་ཉིད་ལ་དབང་བའི་མཛེས་སྡུག་དང་དྲི་བསུང་མ་ལུས་གཞན་དོན་ཁོ་ནར་བསྔོ་རྐྱང་བྱེད་པས། ང་ཡི་དབང་བོའི་སྐྱེ་མཆེད་ལ་ཉེས་གྲིབ་ཀྱི་ཁ་རླངས་བསྒོས་པ་མིན་ན། ཁྱེད་ཀྱི་སྒམ་བརླིང་དང་ལྷག་བསམ་གྱི་འདབ་རྩེར་འཁྱུད་པའི་གླུ་སྐད་རེ་རེས།རེ་ཞིག འཁོར་བའི་རི་ཤོད་དུ་འཕྱན་པའི་གུས་པའི་ལུས་ངག་ཡིད་གསུམ་གྱི་སྒོ་མོ་ཁྲོག་ཁྲོག་རྡུང་གིན་དགའ་སྐྱོ་ཆགས་སྡང་ལ་འོད་ཀྱི་བྱབས་ཁྲུས་གནང་བྱུང་།འོད་ཀྱི་བྱབས་ཁྲུས་གནང་བྱུང་།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།