བགྲེས་སོང་ཕ་མ་ལྟར་སྐྱོང་བའི་སྟག་ཤར་གཞོན་ནུ།

ཧུང་ཡོན་རྫོང་རྒྱལ་དབང་རྒྱུ་ནོར་དོ་དམ་ཚད་ཡོད་ཀུང་སིའི་ལས་སྒྲུབ་པ་བསྟན་པ་དར་རྒྱས་ཀྱི་གནས་ཚུལ་རགས་བཀོད།

རྩོམ་པ་པོ།   རྡོ་རྗེ་དཔལ། དུས་ཚོད།   2020-03-09   རྩོམ་ཁུངས།    ཧུང་ཡོན་འཕྲིན་སྟེགས། རྔ་བའི་གསར་འགྱུར་དྲ་བ།

       ཁ་བ་བབས་བྱུང་། ངས་ཨ་མྱེ་དང་ཨ་ཡེ་རྣམས་ལ་རྡོ་སོལ་བསྐྱལ་དགོས། ལ་ལ་ཞིག་གི་རྐང་ལག་ཀྱང་མི་བདེ་བས་ལྕགས་ཐབ་ཀྱང་འཇོག་རོགས་བྱེད་དགོས་ཞེས་ཟེར་ཞོར། བསྟན་པ་དར་རྒྱས་ཀྱིས་ལས་རེས་ཁང་ནས་ཕྱི་རོལ་ཏུ་ཁ་བ་འབབ་བཞིན་པ་མཐོང་མ་ཐག ལག་ནང་གི་ལས་ཀ་འཕྲལ་མར་བསྐྱུར་ནས་རྒན་གསོ་ཁང་དུ་བརྒྱུགས་སོང་།

      1996ལོར་ཧུང་ཡོན་རྫོང་ཟངས་དཀར་ཡུལ་ཚོར་སྐྱེས་ཤིང་ནར་སོན་པའི་བསྟན་པ་དར་རྒྱས་ཀྱིས་ཧུང་ཡོན་རྫོང་རྒན་གསོ་ཁང་ནས་གནས་སྐབས་ཀྱི་ལས་སྒྲུབ་པ་བྱས་ནས་ལོ་ངོ་5འདས་སོང་། སྨི་གྲུ་བཞི་མ་བཅུ་ཕྲག་དུ་མ་ལས་མེད་པའི་ལས་རེས་ཁང་ནི་བསྟན་པ་དར་རྒྱས་ཀྱི་ཁང་ཁྱིམ་དྲོན་མོ་དེ་ཡིན། ཁོས་པེ་ཅིང་ནས་གླ་ཕོགས་མཐོ་བའི་ལས་དོན་རྒྱང་དུ་དོར་ནས། ཧུང་ཡོན་རྫོང་རྒན་གསོ་ཁང་དུ་ཐོན་པ་ནི་བདག་མེད་ཁེར་རྐྱང་གི་བགྲེས་པོ་བགྲེས་མོ་རྣམས་ལ་སྲི་ཞུ་ཅུང་ཙམ་བསྒྲུབ་འདོད་ཀྱི་འདུན་པ་ཁོ་ནས་ཆེད་ཡིན་ལ། ལོ་འདི་ཚོར། རྒན་གསོ་ཁང་ནས་བྱམས་དང་བརྩེ་བའི་ངང་བགྲེས་པོ་རྣམས་ལྟོགས་ན་ཟས་ལྡུད་རོགས་དང་གྲང་ན་གོས་འགེབ་རོགས་བྱས་ཏེ། དུས་སྟོན་གྱི་ངལ་གསོ་དང་གཟའ་མཇུག་གི་ངལ་གསོ་ཅི་ཡང་མ་རོལ་བར། རང་ཉིད་ཀྱི་དུས་ཚོད་ཚང་མ་རྒན་གསོ་ཁང་ནས་སྲི་ཞུ་བསྒྲུབ་པར་ཕུལ་འདུག 

       བགྲེས་པོ་ཆུ་ཁ་ཆོས་བློ་ཡིས་བདག་གི་རྐང་བ་ན་ནས་ལོ་ངོ་མང་བོ་འགོར་ཡོད། སྐབས་རེར་འགྲོ་ཡང་མི་ཐུབ་ཀི། བསྟན་པ་དར་རྒྱས་ཀྱིས་ཉིན་རེ་བཞིན་ང་ཡི་རྐང་བར་ཕུར་མཉེད་བྱས་པས། ཇེ་དགའ་ཇེ་དྲག་རེད། ད་ནི་རྐང་ཐང་དུ་མཇལ་སྐོར་ལ་འགྲོ་ཐུབ་ཀི་ཞེས་གསར་འགོད་པར་བཤད་བྱུང་། 

       བསྟན་པ་དར་རྒྱས་ནི་མིག་སྔར་ཧུང་ཡོན་རྫོང་དུ་རྒན་གསོའི་ཐོབ་ཐང་དཔང་ཡིག་དང་བགྲེས་པོར་ཞབས་ཞུ་དང་དོ་དམ་ཆེད་ལས་ཀྱི་མཐར་ཕྱིན་དཔང་རྟགས་ཡོད་པའི་ལས་སྒྲུབ་པ་ཁོ་ན་ཡིན་པས། རྒན་གསོ་ཁང་གི་བགྲེས་པོ་རྣམས་ལ་ཆེད་ལས་རང་བཞིན་ལྡན་པའི་ཞབས་ཞུ་བསྒྲུབ་ཐུབ། 

    ཉིན་རེའི་ཞོགས་ཀའི་དུས་ཚོད་7ཐོག བསྟན་པ་དར་རྒྱས་ཡར་ལངས་ནས་བགྲེས་པོ་དག་གི་མལ་ཤག་ཏུ་སོང་སྟེ། བགྲེས་པོ་རྣམས་ལ་ངག་འཇམ་པོས་བདེ་འདྲི་དང་ལུས་ཁམས་ཀྱི་བདེ་ཐང་གནས་ཚུལ་རྒྱུས་ལེན་བཞིན་ཡོད་ལ། སྒོས་སུ་ཏོག་གསར་གློ་ཚད་གང་སར་ཁྱབ་པ་ནས་བཟུང་། བསྟན་པ་དར་རྒྱས་ཀྱིས་ཉིན་མཚན་མེད་པར་དུས་ཚོད་24རིང་ལ་སྐོར་ཞིབ་བྱས་ཏེ། བགྲེས་པོ་དག་གི་ལུས་ཀྱི་ཚ་དྲོད་བརྟག་པ་དང་མལ་ཤག་ལ་དུག་སེལ་བྱེད་པ། རིམས་འགོག་ཤེས་བྱ་འགྲེལ་བཤད་སོགས་ལྷག་བསམ་རྣམ་དག་གིས་དགེ་བའི་ལས་སྒྲུབ་བཞིན་འདུག   

       ལོ་དུ་མའི་ཡར་སྔོན་ཞིག་ལ། བསྟན་པ་དར་རྒྱས་མལ་ཤག་རེ་རེར་ལྟ་རུ་འགྲོ་དུས། བགྲེས་པོ་གསེར་བཟང་གན་རྐྱལ་དུ་ལོག་འདུག་པ་མཐོང་མ་ཐག ཁོས་སྨན་ཁང་དུ་བསྐྱལ་ནས་ཚེ་སྲོག་བསྐྱབས་པ་རེད། བསྟན་པ་དར་རྒྱས་ཀྱི་སེམས་ནས་རྒྱུན་པར་འདོར་དུ་མེད་པ་ནི་བགྲེས་པོ་དེ་དག་ཡིན་ལ། ཁོ་ཅག་ལ་ཕན་པའི་བྱ་བ་ཕྲན་ཙམ་བསྒྲུབ་ཐུབ་ན་བྱ་བ་རླབས་ཆེན་ཞིག་འགྲུབ་པ་ལྟར་དགའ་བ་འབུམ་གྱིས་བརྟས་སྲིད། གསེར་བཟང་གིས་དོན་དག་ཆེ་མ་ཆུང་གསུམ་གང་ཡིན་ཡང་ཁོ་ལ་བརྡ་ཞིག་བཏང་མ་ཐག འཕྲལ་མར་ཐོན་ནས་ང་ཚོར་རོགས་བྱེད་པས། རྒན་གསོ་ཁང་དུ་ཁོ་ཡོད་ན་རང་གི་བུ་རྒྱུད་འགྲམ་དུ་གནས་པ་ལྟར་ང་ཚོའི་སེམས་ཀྱང་ཧ་ཅང་བདེ་ཀི་ཞེས་བཤད་བྱུང་། 

       བསྟན་པ་དར་རྒྱས་ཀྱིས་ཅིའི་ཕྱིར་ལས་གནས་འདི་བདམས་པའི་སྐོར་གླེང་སྐབས། ང་རང་ཆུང་དུས། ངེད་ཚང་ལ་དཔལ་འབྱོར་གྱི་ཆ་རྐྱེན་ཞན་པས། རྫོང་དམངས་སྲིད་ཅུས་ཀྱིས་ང་རང་སི་ཁྲོན་ཞིང་ཆེན་མི་རིགས་ལས་བྱེད་པའི་སློབ་གྲྭར་མངགས་ནས་བགྲེས་པོར་ཞབས་ཞུ་དང་དོ་དམ་གྱི་ཆེད་ལས་བསླབ་ཏུ་བཅུག སློབ་སྦྱོང་བྱེད་ཞོར་དུ་ལས་རིགས་འདི་ལ་རྒྱུས་ཟབ་མོ་ལོན་པ་དང་། རང་གི་ཕ་ས་ཕ་ཡུལ་གྱི་རྒན་གསོའི་ལས་ཀར་ཆེད་ལས་རང་བཞིན་ལྡན་པའི་ཞབས་ཞུ་མེད་ལ། ཆེད་ལས་མི་སྣའང་མེད་པས།  རང་ཡུལ་དུ་ལོག་ནས་ཁེར་རྐྱང་དུ་ལུས་པའི་བགྲེས་པོ་བགྲེས་མོ་རྣམས་ལ་ཞབས་ཞུ་རྣམ་དག་བསྒྲུབ་པའི་འདུན་པ་འགོག་མེད་དུ་སྐྱེས་བྱུང་། འདང་རེ་བརྒྱབ་ན། ཞབས་ཞུ་ཕྲན་ཙམ་མ་གཏོགས་མ་ཐུབ་རུང་སྤྱི་ཚོགས་ལ་དྲིན་ལན་འཇལ་བ་མ་ཡིན་ནམ། རང་གི་ཕ་ས་ཕ་ཡུལ་ལའང་རང་ནུས་ཅི་ལྕོགས་ཀྱིས་བྱས་རྗེས་བཞག་པ་མ་ཡིན་ནམ་ཞེས་བཤད་བྱུང་། 

       བསྟན་པ་དར་རྒྱས་ལ་ཁ་མཁས་ལྕེ་བདེ་ཡི་ཚིག་སྙན་མོ་མང་དུ་ལབ་རྒྱུ་མེད་ཀྱང་། རང་གི་བྱ་སྤྱོད་དངོས་ལ་བརྟེན་ནས་བྱམས་དང་སྙིང་རྗེ་ཡི་གཟི་འོད་ལམ་ལམ་དུ་འཕྲོ་བའི་དགེ་བའི་ལས་ཤིག་སྒྲུབ་བཞིན་ཡོད་ལ། གྲང་ངར་ཆེ་བའི་མཐོ་སྒང་གི་ཡུལ་འདིར་བྱམས་བརྩེ་ཡི་དྲོད་ཁོལ་ཅིག་ཀྱང་བསྐྱིལ་ཡོད། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།