ཐེངས་འདིའི་རིམས་ནད་དང་ཆམ་ནད་ཀྱི་ཁྱད་པར་ཆེན་པོ4།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཐེངས་འདིའི་རིམས་ནད་དང་དུས་ཚིགས་རང་བཞིན་གྱི་ཆམ་ནད་ལ་ཁྱད་པར་བཞི་ཡོད་ཅེས་བཤད།

རྩོམ་པ་པོ།   དུས་ཚོད།   2020-03-09   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

             ཟླ3པའི་ཚེས3ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐེ་ཌའོ་སུ་ཡིས་གསར་འགོད་ཚོགས་འདུའི་ཐོག་བཤད་རྒྱུར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཐེངས་འདིའི་རིམས་ནས་ལ་ངོས་འཛིན་གཏིང་ཟབ་བྱེད་བཞིན་ཡོད་པར་མ་ཟད། ཐེངས་འདིའི་རིམས་ནད་དང་དུས་ཚིགས་རང་བཞིན་གྱི་ཆམ་ནད་བར་ཁྱད་པར་ཆེན་པོ་བཞི་ཡོད་པ་ཤེས་རྟོགས་བྱུང་ཡོད། 

          1   ད་ཡོད་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། ཐེངས་འདིའི་རིམས་ནད་ཀྱི་འགོས་ཚད་དེ་དུས་ཚིགས་རང་བཞིན་གྱི་ཆམ་ནད་ལས་དམའ། ཐེ་ཌའོ་སུ་ཡིས“ནད་རྟགས་མེད་པའི་ནད་པ་ནི་དུས་ཚུགས་རང་བཞིན་གྱི་ཆམ་ནད་ཀྱི་ཁྱབ་སྤེལ་བྱེད་མཁན་གཙོ་བོ་ཡིན་ལ། ཐེངས་འདིའི་རིམས་ནད་ནི་དེ་འདྲ་མིན་ཏེ། ཀྲུང་གོ་ནས་ཐོན་པའི་དཔང་རྟགས་ལས་མངོན་པ་ལྟར་ན1%ཙམ་གྱི་ནད་པར་ནད་རྟགས་མེད་མོད། ནད་པ་དེ་དག་ལས་མང་ཆེ་བ་ཉིན་གཉིས་ཙམ་གྱི་ནང་དུ་ནད་རྟགས་ཐོན་གྱིན་ཡོད”ཅེས་བཤད།

        2  དུས་ཚིགས་རང་བཞིན་གྱི་ཆམ་ནད་དང་བསྡུར་ན་ཐེངས་འདིའི་རིམས་ནད་ཀྱི་ནད་གཞི་དེ་བས་ཚབས་ཆེན་པོ་ཡོད། ཐེ་ཌའོ་སུ་ཡིས་བཤད་རྒྱུར་མིག་སྔར་གོ་ལ་ཧྲིལ་པོར་ཐེངས་འདིའི་རིམས་ནད་ཀྱི་རྐྱེན་འདས་ཚད3.4%ཙམ་ཟིན་ཡོད་ལ། དུས་ཚིགས་རང་བཞིན་གྱི་ཆམ་ནད་ཀྱིས་རྐྱེན་འདས་ཚད་སྤྱིར་བཏང1%ལས་དམའ་པོ་ཡོད། འཛམ་གླིང་གི་མི་མང་པོ་ཞིག་ལ་དུས་ཚིགས་རང་བཞིན་གྱི་ཆམ་ནད་ཐད་ནད་འགོག་ནུས་པ་ལྡན་ཡོད། ཐེངས་འདིའི་ནད་དུག་ནི་ནད་དུག་གསར་བ་ཞིག་ཡིན་པས་ཐེངས་འདིའི་རིམས་ནད་འབྱུང་སླ་བའི་མི་ཚོགས་དེ་བས་མང་བ་དང་། མི་ཁ་ཤས་ལ་ནད་གཞི་ལྕི་མོ་འབྱུང་སྲིད། 

       3  མིག་སྔར་ཐེངས་འདིའི་ནད་དུག་ལ་དམིགས་པའི་འགོག་སྨན་དང་ཆེད་བཅོས་བྱེད་ཐབས་མེད། ཐེ་ཌའོ་སུ་ཡིས་བཤད་རྒྱུར་མིག་སྔར་ཐེངས་འདིའི་ནད་དུག་ལ་ཁ་གཏད་པའི་འགོག་སྨན20ལྷག་ཙམ་ཞིབ་འཇུག་གསར་སྤེལ་བྱེད་བཞིན་ཡོད་པ་དང་། སྨན་བཅོས་བྱེད་ཐབས་ཁག་གཅིག་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་བྱེད་བཞིན་ཡོད། 

       4  དུས་ཚིགས་རང་བཞིན་གྱི་ཆམ་ནད་ལ་ཚོད་འཛིན་བྱ་མི་ཐུབ་མོད་ཐེངས་འདིའི་རིམས་ནད་ཀྱི་རིམས་ནད་ལ་ཚོད་འཛིན་བྱ་ཐུབ། ཐེ་ཌའོ་སུ་ཡིས“ང་ཚོས་དུས་ཚིགས་རང་བཞིན་གྱི་ཆམ་ནད་བྱུང་བའི་ནད་པ་དང་ནད་པར་འབྲེལ་འདྲིས་བྱེད་མཁན་ལ་རྗེས་འདེད་གཏོང་གི་མེད། འོན་ཀྱང་རྒྱལ་ཁབ་སོ་སོས་ཐེངས་འདིའི་རིམས་ནད་ཕོག་པའི་ནད་པར་འབྲེལ་གཏུག་དམ་ཟབ་བྱེད་མཁན་ལ་རྗེས་འདེད་གཏོང་གིན་ཡོད། དེས་རིམས་ནད་གཞན་ལ་འགོ་བར་བཀག་འགོག་བྱས་ནས་ཚེ་སྲོག་ལ་སྲུང་སྐྱོབ་བྱ་ཐུབ”ཅེས་བཤད།


རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།