སྐྱ་ལོ་ཐོད་ཤོ།

རྩོམ་པ་པོ།   འབྲོང་རིག་བྷ།དུས་ཚོད།   2020-03-06   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          ཞོགས་སྦྱོང་ཞིབ་བཤེར་སློབ་མ་དབང་འདུས་ཀྱིས་གདོང་ལ་གཟབ་ནན་དང་སུན་སྣང་འདྲེས་མའི་ཉམས་འགྱུར་ཞིག་དང་ལྷན་ཏུ་སྔུར་བ་ཡངས་མོ་འཐེན་བཞིན་པའི་སྐྱ་ལོ་ལ་ལྟ་ཞོར“སྐྱ་ལོ་ཐོད་ཤོ། དེ་རིང་ཡང་ཞོགས་སྦྱོང་ལ་མ་སོང་ངམ” ཞེས་བཤད་པ་དང་སྐྱ་ལོའི་གོང་ཁར་འཇུས་ནས་སྤྲུག་སྤྲུག་འགའ་བྱས་ཏེ།“ངས་འཛིན་བདག་ལ་མིང་ཡིག་སྤྲོད་རྒྱུ་ཡིན། རང་ཉིད་སོང་ནས་འཛིན་ བདག་ལ་གསལ་བཤད་ཀྱིས”ཞེས་བཤད་ཞོར་འགྲོ་རྩིས་བྱས་པ་ན།

          སྐབས་དེར་སྐྱ་ལོ་ཐོད་ཤོས་ཅི་ཞིག་རྟོགས་སོང་བ་ལྟར་བདེ་ལྕག་འཁྱུག་པོས་མལ་ཁྲི་ལས་མཆོངས་ཏེ་དབང་འདུས་ཀྱི་ཕུ་ཐུང་ལ་འཇུ་ཞོར “ཨ་ཁུ་ལེ་ལེ། ད་ཐེངས་གཅིག་པོར་འཛིན་བདག་ལ་མ་གཏུག རྗེས་ནས་ཞོགས་སྦྱོང་ལ་དུས་ལྟར་ཡོང་ཁོ་ཐག་ཡིན”ཞེས་ཞུ་བ་ཡང་ཡང་བྱས།

          དབང་འདུས་ཀྱིས“སྐད་ཆ་འདི་ཁྱོད་ཀྱིས་ཐེངས་མང་པོར་བཤད་མྱངས།”

          སྐྱ་ལོས“ད་ཐེངས་ངོ་མ་བཤད་པ་ཡིན། སང་ཉིན་ནས་བཟུང་མི་ཡོང་ན་ཨ་མའི་ཤ།”

         “..........”

          སྐྱ་ལོ་ཐོད་ཤོའི་དབང་འདུས་ལ་ཞུ་བ་བྱས་པ་ཐེངས་གཅིག་ག་ལ་ཡིན།ཡིན་ནའང་ཁོ་གཉིས་སྡེ་བ་གཅིག་ཡིན་པར་མ་ཟད་ཁྱིམ་མཚེས་ཀྱང་ཡིན་པས། གལ་ཏེ་དབང་འདུས་ཀྱིས་དགེ་རྒན་ལ་སྐྱ་ལོ་ཞོགས་སྦྱོང་ལ་མ་ཡོང་བ་ཞུ་གཏུག་བྱས་པ་ཡིན་ན།གཟའ་མཇུག་ལ་ཕྱིར་ཕ་ཡུལ་དུ་ལོག་དུས་ཕ་ཡུལ་གྱི་མ་ཎི་གད་པའི་གད་སྐྱིབས་འོག་ནས་དབང་འདུས་ལ་འགྲམ་ལྕག་ཚ་ཐག་ཆོད་ཅིག་སྟེར་བ་ཁོ་ཐག་ཡིན་ནི་རེད། དེ་དབང་འདུས་ཀྱི་སེམས་སུ་ཡང་ཁྲིགས་སེར་ཡོད་ངེས།

            ཞོགས་པའི་ཉི་ཟེར་ཀྱི་འོད་སྣང་སློབ་རའི་ཁོ་ར་ཁོར་ཡུག་ཀུན་ཏུ་གསལ་ལྷང་ངེར་འཕྲོས་འདུག་པ་དང་། ཁོར་ཡུག་གད་བདར་བྱེད་བཞིན་པའི་སློབ་མ་འགའ་མ་གཏོགས་ཚང་མ་སློབ་ཁང་དུ་སོང་ཚར་ཚོད་རེད། ཟ་ཁང་གི་ལས་བཟོ་བ་ཚོས་ཀྱང་སློབ་མ་ཚོའི་ཟས་ལྷག་འཐུང་ལྷག་དག་བདག་རྒྱག་གི་འདུག་ཚོད་ལ་བལྟས་ན། དེ་རིང་ཡང་སྐྱ་ལོའི་ཁ་ལ་ནངས་ཇ་རེག་རྒྱུ་མ་རེད།

           སྐྱ་ལོ་ཐོད་ཤོས་ཟ་ཁང་གི་ཕྱོགས་སུ་ཟུར་མིག་གིས་ལྟ་ཞོར“གནའ་ཤི་ཆ་བོང་ཅུང་ཙམ་སྒུག་ན་ཟླ་ཕོགས་མི་སྟེར་བ་ཡིན་ནམ”ཞེས་ཁ་ནས་ལྡབ་ལྡིབ་ཅིག་བཤད་ཞོར་གཉིད་མ་སད་ཀྱིས་སློབ་ཁང་གི་ཕྱོགས་སུ་བུད་སོང་།

           དེ་རིང་ཡང་ཚོགས་ཐུན་གྱི་གཞུག་མ་ཆོད་པས། སྐུ་ཤ་རྒྱགས་ལ་ལུས་ལ་ནུབ་ལྭ་སྨུག་པོ་ཚི་དྲེག་གིས་ནག་པོར་བཏང་བ་དེ་གྱོན་པའི་གྲངས་རིག་དགེ་རྒན་ཀྲང་ལགས་ཀྱིས། ཆུང་ལ་གོར་བའི་མིག་དེའི་གོང་དུ་གཟར་བའི་ཤེལ་མིག་དཀར་པོ་ལོང་ཐག་རྩིད་སྐུད་ཅན་དེ་ཡར་ཡར་འདེད་ཞོར། སྐྱ་ལོ་ལ་ཚོགས་གཞུག་མ་ཆོད་པའི་གནས་ལུགས་བརྒྱ་ཐམ་པ་བཤད་དུ་འཇུག་ངེས།

           ཁོས་དེ་ལྟར་སྟོང་འདང་ཞིག་རྒྱག་ཞོར་སློབ་ཁང་གི་སྒོ་ཐད་དུ་འབྱོར་དུས་དགེ་རྒན་གྱིས་ཁྲོ་ཉམས་རྫིག་པོ་ཞིག་དང་བཅས་ཁོ་ལ་ཅེ་རེར་བལྟས་འདུག

         “ངས་རྗེས་ཕྱོགས་དེ་འདྲ་མི་བྱེད”ཟེར་བ་ནི་སྐྱ་ལོར་མཚོན་ནམ་ཡང་འདོར་མི་ཐུབ་པའི་ཚིག་ཀ་གཅིག་པོ་དེ་རེད་ལ།དགེ་རྒན་སུ་དང་སུས་དྲིས་ཀྱང་སྐད་ཆ་དེ་གཅིག་པོ་ལས་བཤད་མི་སྲིད་དོ།།

         དེ་རིང་ཡང་དགེ་རྒན་གྱིས་སྐྱ་ལོ་ལ་ཚོགས་གཞུག་མི་ཆོད་པའི་རྒྱུ་མཚན་དྲིས་པ་ན།

       “ངས་རྗེས་ཕྱོགས་དེ་འདྲ་མི་བྱེད”ཅེས་རྫུ་བག་ཁུར་བའི་སྙིང་རྗེའི་ཉམས་ཤིག་དོད་ཁུལ་གྱིས་དེ་ལྟར་བཤད་པ་ལས་གཞན་མེད་དོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།