ཁ་སྐད།

རྩོམ་པ་པོ།   འབར་མེ། དུས་ཚོད།   2020-03-06   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         གྲོང་ཁྱེར་གྱི་བོད་མི་ཞིག་ཚེས་ཉེར་ལྔ་ཉིན་ཕྱིར་ཡུལ་ལ་ལོག ད་ལོའི་དགུན་ཁར་ས་ཆ་མང་ཤོས་ཤིག་ལ་ཐ་སྙད་གསར་བ་སྦྱངས་ནས་སྔོན་གྱི་བསྲེས་སྐད་གང་མང་ཞིག་ད་ལྟ་ལྷག་མ་ལྟ་བུར་གྱུར། དེ་ནི་བསམ་ཡུལ་ལས་འདས་པ་ཞིག་ཏུ་སྣང་།

          མཛེས་སེ། ཚེས་པ་ཉེར་ལྔའི་ཙག་རླུང་དང་མཉམ་པོར་བོད་རིགས་རང་སྐྱོང་ཁུལ་དེར་སླེབས། རང་སྐྱོང་ཁུལ་དེ་ནས་མོས་སླར་ཡང་ཉིན་གཅིག་ལ་ལོག་མལ་ཞིག་བཙལ་དུ་སོང་ལ། སྒོར150ཅན་གྱི་ཁང་མིག་གཅིག་ལ་མལ་ཁྲི་གཉིས་ཅན་གྱི་ཁང་པ་དེ་གླས་ནས་བསྡད།

        རྒྱུས་མངའ་མེད་པའི་མཐོ་སྒང་གི་ཁུལ་འདིར་ད་དུང་མཛེས་སེ་དང་མཚུངས་པའི་མི་ཤིན་ཏུ་མང་བོ་འདུག ཁོ་མོ་སློབ་མཐར་ཕྱིན་ནས་ལོ་དྲུག་ཙམ་གྱི་རིང་ལ་གྲོང་ཁྱེར་དང་ཁ་མ་བྲལ། ཕྱོགས་གཞན་ཞིག་ནས་བཤད་ན་མོས་ད་ལྟ་བོད་སྐད་ཀྱང་ཞེ་དྲག་མི་ཤེས།

        མཛེས་སེ། རོགས་པ་མེད་པར་ཁེར་རྐྱང་ངང་ལྷགས་པ་ཞིག་དང་མཉམ་པོར་ས་འདིར་ཡོང་བ་ནི་གློ་རྡེག་ཅིག་ཀྱང་ཡིན་སྲིད། དེ་ནི་མོས་ལྷ་ས་ཟེར་བ་དེར་འགྲོ་རྒྱུ་གློ་བུར་དུ་དྲན་པས་རེད། སྔ་མོར་སྔར་ཉིན་དང་མཚུངས་པའི་ཙག་རླུང་མི་རྒོད་ན་ཡང་ཁོར་ཡུག་གི་རང་གཤིས་དྭངས་རྒྱུ་མེད། མོ་རང་སྔ་མོར་རླུང་བུ་འཁྱག་པ་ཞིག་དང་འགྲོག་སྟེ། གནམ་གྲུ་ཐང་དུ་ཆས། ཡིན་ཡང་མོས་ལམ་གྱི་ཁུག་མགོ་ཞིག་ནས་མི་ཞིག་ལ་མ་དྲིས་ཐབས་མེད་བྱུང་། དེ་ནི་བཞི་མདོ་ཞིག་ལ་ཐོན་ཡོད་པས་རེད། “བདེ་མོ། ལྕགས་བྱ་འཕུར་ས་གང་ཡོད་རེད”

      “??”

     “机场”

      “ཨ།?”མི་དེ་མོ་ལ་ཅེར་ནས།

      “དགོངས་དག་ཞུ། ངས་རྒྱ་སྐད་མི་གོ”མོར་བྱ་ཐབས་མེད་པར། འདྲ་པར་ཞིག་བསྟན།

️      “ཨོ་གནམ་གྲུ་ཐང་ཟེར་བ་ཡིན་ནམ” དེའི་སེམས་སུ་འཇིག་རྟེན་འགྱུར་འདུག་འདོད། “ཨོ་ལོ”ཟེར། དེ་ནས་མོ་མི་དེས་བཤད་པ་ལྟར་སོང་ནས་གནམ་གྲུར་བསྡད།

བར་སྣང་དུ་སྤྲིན་དཀར་གྱི་འདབ་མ་དང་ཉེ་ཟེར་གྱི་རྡུལ་ཕྲན་ཤིན་ཏུ་མོད། མཛེས་སེས་ཡང་འདིར་འཕུར་བའི་བྱ་ཞིག་ཡིན་ནམ་སྙམ། ཡིན་ཡང་དུས་ཚོད་མྱུར་ཆེ་བས་དྲན་ཁོམ་ཆེན་པོ་མ་བྱུང་། འབབ་ཐང་ཞིག་ལ་འབྱོར། སྲང་ལམ་གྱི་མི་ཚོགས་དག་ཀྱང་གྲོང་ཁྱེར་གྱི་མི་ཚོགས་བཞིན་གོ་རིམ་མེད་པར་གཤར།

      མཛེས་སེས་སྔར་ལྟར་གོ་བརྡ་མི་འཕྲོད་པར་ཡང་ཡང་སེམས་ཁུར་བྱས། མོས་ཀྱང་མི་དེ་ལྟར་འཇིག་རྟེན་འགྱུར་འདུག་གམ། ཡང་ན་རང་ཉིད་འགྱུར་འདུག་བསམས།

      ཁང་བའི་སྟེང་ཤོད་ཅིག་ནས་མོས་སྔར་གྱི་བརྡ་ཆད་དག་ད་ལྟ་རྙིང་ཚར་བ་ཡིན་མིན་ལ་མནོ་བསམ་གྱི་འགོ་བཟུང་། མོ་སྔར་བཞིན་ཡི་ཀ་ཆད་པའི་མཐོ་སྒང་འདིར་སུན་སྣང་ཞིག་སྐྱེས། མཐའ་མཇུག་མོས་རང་ཉིད་ཀྱི་སྐད་དེ་བཀོལ་བར་སེམས་ཐག་བཅད། ཡིན་ཡང་ཁོར་ཡུག་གིས་གདུག་རྩུབ་འོག་ནས་མོ་སྔར་བཞིན་མུན་པ་རུ་འཛུལ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།