གནས་ཚུལ་བཟང་བོར་འགྱུར་བཞིན་ཡང་། སྔོན་འགོག་ལས་འདི་ལྷོད་མི་རུང་།

​རིམས་འགོག་དམག་འཁྲུག་གི་གཡུལ་ས་ལས་རྣམ་པར་རྒྱལ་ངེས།

རྩོམ་པ་པོ།   རིག་ལྡན།དུས་ཚོད།   2020-03-06   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

               ཟླ་2པའི་ཚེས་24ཉིན་གྱི་བར་དུ་ཁུལ་ཏོག་གསར་གློ་ཚད་སྔོན་འགོག་མཁོ་བསྟུན་བཀོད་འདོམས་པུའུ་ཡིས་གྲོས་ཚོགས་ཐེངས་བརྒྱད་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་འགོག་ལས་ཀའི་ཐད་ལ་དངོས་སུ་གནང་བའི་དགོངས་དོན་བརྒྱུད་སྒྲོག་བྱས་ཤིང་། མིག་སྔའི་རང་ཁུལ་གྱི་རིམས་འགོག་གནས་ཚུལ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་ཚུལ་དག་ལ་དབྱེ་འབྱེད་བྱས་པ་དང་། མ་འོངས་པའི་ལས་ཀའི་སྐོར་ལ་བཀོད་སྒྲིག་ཞིབ་ཕྲ་བྱས། དགའ་འོས་པ་ཞིག་ནི་ཟླ་3པའི་ཚེས་5ཉིན་གྱི་དུས་ཚོད་12བར་དུ་རང་ཁུལ་ལ་བསྟུད་མར་ཉིན་34རིང་དུ་ཏོག་གསར་གློ་ཚད་ཀྱི་ནད་པ་གཅིག་བྱུང་མེད་ཅིང་། དོགས་ཡོད་ནད་པའང་གཅིག་ཀྱང་བྱུང་མེད། གྲུབ་འབྲས་དེ་གཟི་བརྗིད་ཅིག་ཡིན་ཅིང་སྐུལ་མ་འདེད་པའི་སྣང་ཚུལ་ཞིག་ཀྱང་ཡིན་སྲིད།

         མིག་སྔར་རིམས་ནད་མཆེད་པའི་ཚུལ་དེ་ཕལ་ཆེར་བཀག་འགོག་ཐུབ་པའི་རྣམ་པ་ཙམ་མངོན་པ་དང་། འགོག་སྲུང་གི་ལས་ཀ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཙམ་ཐོབ་སྟེ་དུས་བབ་ཀྱི་གནས་ཚུལ་རྣམ་པ་བཟང་བོའི་ཕྱོགས་སུ་འགྱུར་བཞིན་པའི་དངོས་གནས་ལ་དམིགས་ན། ཏང་ཀྲུང་དབྱང་གིས་རིམས་ནད་སྔོན་འགོག་ཐད་ལ་བཏོན་པའི་ཇུས་ཐག་དང་ལས་རིགས་སོ་སོའི་ཐད་ལ་བཀོད་སྒྲིག་གནང་བའི་ཆོད་དོན། བྱེད་ཐབས་ནུས་ལྡན་བཏོན་པ་དེ་དག་ཡང་དག་རྣལ་མ་ཡིན་པ་མངོན་སུམ་ཚད་མས་གྲུབ། ཡིན་ན་ཡང་རིམས་ནད་སྔོན་འགོག་གི་ལས་ཀ་དེ་སྒྲུབ་ཐེངས་གཅིག་གིས་འགྲུབ་ཐུབ་པ་ཞིག་གཏན་ནས་མིན་པ། ད་དུང་ཧ་ཅང་གནད་ལ་འཁེལ་བའི་དུས་སྐབས་ཤིག་ལ་ཐོན་འདུག་པ་གསལ་མོར་ཤེས་དགོས་པས། ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས་བློ་རྨོངས་མུན་འཐོམས་སུ་འགྱུར་བ་དང་། བསམ་པ་ལྷོད་གཡེང་ལ་འཕྱར་བ། འགོག་འཐབ་ལ་སུན་སྣང་སྐྱེད་པ་བཅས་ཀྱི་མནོ་བསམ་ངེས་པར་ཁྱད་དུ་བསད་དེ། བཀོད་སྒྲིག་དེ་བས་དམ་པོ་དང་། ཐབས་ཤེས་དེ་བས་ནུས་ལྡན་སྤྱད་དེ་རིམས་འགོག་གི་ལས་ཀ་ལེགས་སྒྲུབ་བྱེད་པ་དང་ཆབས་ཅིག རིམས་ནད་མཆེད་པར་རྩ་འགོག་དང་། ས་གནས་ཀྱིས་མངའ་ཁོངས་དོ་དམ་བྱེད་པའི་རྩ་དོན་ལ་ཤུགས་སྣོན་བྱས་ཏེ། སྡེ་ཁུལ་དང་གྲོང་སྡེ། ལས་ཁུངས། ཁེ་ལས་བཅས་ཀྱི་གཞི་རིམ་རིམས་འགོག་དཔུང་ཁག་གི་སྔོན་འགོག་ནུས་པ་གང་ལེགས་ཀྱིས་འདོན་སྤེལ་དང་། གཞི་རིམ་དཔུང་ཁག་གི་ཅག་ཟོན་ནུས་ཤུགས་བསྟུད་མར་ཤུགས་སྣོན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་ལུས་ཕུང་བདེ་ཐང་དེ་ལས་རིགས་ཀུན་གྱི་ཐོག་མར་འཇོག་དགོས།

         ཐེངས་འདིའི་རིམས་ནད་འདི་ཀྲུང་གོ་གསར་བ་དབུ་བརྙེས་པ་ནས་བཟུང་རང་རྒྱལ་གྱི་མངའ་ཁོངས་སུ་མཆེད་མྱུར་ཧ་ཅང་སྐྱེན་པ་དང་། མཆེད་རྒྱ་ཧ་ཅང་ཆེ་བ། བཀག་འགོག་གི་དཀའ་གནད་ཧ་ཅང་ཆེ་བའི་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཞིག་ཡིན། རྐྱེན་ངན་འདི་ལྟར་དང་འཕྲད་སྐབས་རིམས་འགོག་དམག་འཁྲུག་གི་གཡུལ་སར་ཞུགས་མཁན་དཔེར་ན་དགུང་ལོ་གྱ་བཞིར་ལོན་ཡང་ངལ་དུབ་ཀྱི་ལས་ལ་མི་འཛེམས་པའི་ཡོའན་ཧྲི་ཀྲུང་ནན་ཧྲན་དང་དགུང་ལོ་དོན་གསུམ་ལ་ལོན་པའི་ཡོའན་ཧྲི་ལི་ལན་ཅོན་དང་། ངོ་ལ་གདོང་སྐྱོབ་ཀྱི་འཕྱུར་བུ་ཟབ་མོར་བཞག་པའི་ལིའུ་ལི་དང་། རིམས་ནད་འགོག་པའི་ཆེད་དུ་རང་སྲོག་བློས་བཏང་མཁན་ཝུའུ་ཧན་གྲོང་ཁྱེར་ཝུའུ་ཁྲང་སྨན་ཁང་གི་ཡོའན་ཀྲང་ལིའུ་ཀྲི་རྨིན། ཏུང་ཀང་གི་ཁོར་ཡུག་འཕྲོད་བསྟེན་པ་ཡོའན་ཀྲའོ་ཝུན། རང་གིས་གླ་རིན་ཡོངས་རྫོགས་ཕངས་སེམས་མེད་པར་ཞལ་འདེབས་སུ་ཕུལ་ནས་འོ་མ་ཉོ་མཁན་ལའོ་རྨིན་ལིའང་ལ་སོགས་པ་གོས་དཀར་གྱི་ཕོ་ཉ་དང་། སྤྱི་ཚོགས་ཀྱི་རང་འདུན་པ་ཇི་སྙེད་ཀྱིས་གཅེས་སེམས་ཀྱི་ལེགས་སྐྱེས་ཕུལ་ཅིང་། བློས་བཏང་བའི་བཏང་སྙོམས་བཟུང་བ། འགན་སེམས་ཕྲག་ལ་ཁུར་ཞིང་ངལ་བ་རྒྱབ་ཏུ་བསྐྱུར་ནས་གཡུལ་དངོས་སུ་ཞུགས་མཁན་གྲངས་ཀྱིས་མི་ལངས་པ་བྱུང་དང་འབྱུང་བཞིན་ཡོད་པས་མི་རིགས་སོ་སོའི་མི་དམངས་ཀྱི་སྤྲོ་སེམས་འཕེལ་བར་བཅུག

        ཡིན་ན་ཡང་རང་ཁུལ་ལ་མཚོན་ན་རིམས་ནད་བྱུང་ཡང་སྔོན་འགོག་བྱས་ཏེ་ད་ལྟ་ནད་པ་མེད་པའི་ས་ཁུལ་ལམ། རིམས་ནད་བྱུང་ཡང་སྔོན་འགོག་བྱས་ཏེ་ཚད་རིམ་དམའ་མོར་བཏང་བའི་ས་ཁུལ་ཞིག་ཡིན་པས་འགག་སྒོ་མེད་པར་བཟོས་མོད་ཀྱང་། རིམས་འགོག་གི་འདུ་ཤེས་ད་དུང་རྨེག་མེད་དུ་གཏོང་མི་རུང་བ་ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས་སྔོན་འགོག་གི་ལས་སྒྲུབ་འདི་རྒྱལ་ཁ་དངོས་སུ་ལོན་མ་ཐག་པའི་བར་དུ་ད་དུང་མཐུན་སྒྲིལ་དམ་ཟབ་དང་། ཧུར་འབད་བསྐྱར་འབད་བྱས་ཏེ་རིམས་ནད་སྔོན་འགོག་གི་ལས་དོན་ཡོངས་སུ་རྒྱལ་ཁ་ལོན་པ་དང་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་གོང་དུ་འཕེལ་བའི་དམིགས་འབེན་ལས་འགན་ཡོངས་སུ་འགྲུབ་པར་ནུས་པ་འདོན་དགོས་སོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།