ཏོག་གསར་གློ་ཚད་དང་དུས་ཚིཊ་རང་བཞིན་གྱི་ཆམ་རིམས་དབར་གྱི་མི་འདྲ་ས་4ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཏོག་གསར་གློ་ཚད་དང་དུས་ཚིགས་རང་བཞིན་གྱི་ཆམ་རིམས་དབར་མི་འདྲ་ས་4ཡོད་ཅེས་བཤད་པ།

རྩོམ་པ་པོ།   དུས་ཚོད།   2020-03-05   རྩོམ་ཁུངས།   

        ཚེས་3ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏེ་སའེ་ཡིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཏོག་གསར་གློ་ཚད་ལ་ངོས་འཛིན་བྱེད་ཚད་ཟབ་ཏུ་གཏོང་བཞིན་ཡོད་པ་མ་ཟད། དེ་དང་དུས་ཚིགས་རང་བཞིན་གྱི་ཆམ་རིམས་དབར་ཁྱད་པར་གལ་ཆེན་4ཡོད་པ་ཤེས་རྟོགས་བྱུང་ཡོད་པར་བརྗོད། 

         དང་པོ། ད་ཡོད་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན་ཏོག་གསར་ནད་དུག་མཆེད་པའི་ལས་ཆོད་དེ་དུས་ཚིགས་རང་བཞིན་གྱི་ཆམ་རིམས་ལས་ཆུང་བ། ཐན་ཏེ་སའེ་ཡིས་ནད་རྟགས་མེད་པའི་ནད་འགོས་མཁན་ནི་ཆམ་རིམས་ནད་དུག་མཆེད་ས་གཙོ་བོ་དེ་ཡིན་ཡང་ནད་དུག་གསར་པ་དེ་འདྲ་གཏན་ནས་མིན། “ཀྲུང་གོ་ནས་ཡོང་བའི་དཔང་རྟགས་ལས་མངོན་པར་གཞིགས་ན་། ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་1%ཙམ་ལ་ནད་རྟགས་མེད་པ་དང་། ནད་དཔེ་དེ་དག་ཁྲོད་ཀྱི་མང་ཆེ་བར་ཉིན་གཉིས་ནང་ནད་རྟགས་ཐོན་སྲིད”ཅེས་བརྗོད། 

         གཉིས་པ། དུས་ཚིགས་རང་བཞིན་གྱི་ཆམ་རིམས་དང་བསྡུར་ན་ཏོག་གསར་ནད་དུག་གིས་བསླངས་བའི་ནད་གཞི་དེ་བས་ཚབས་ཆེ། ཐན་ཏེ་སའེ་ཡིས་མིག་སྔར་གོ་ལ་ཧྲིལ་པོའི་ཏོག་གསར་གློ་ཚད་ཕོག་ནས་ཤི་བའི་བསྡུར་ཚད་3.4%ཙམ་ཡིན་པ་དང་། དུས་ཚིགས་རང་བཞིན་གྱི་ཆམ་རིམས་ཕོག་ནས་ཤི་བའི་བསྡུར་ཚད་སྤྱིར་བཏང་1%ལས་ཉུང་བ་ཡོད། འཛམ་གླིང་ཡོངས་ཀྱི་མི་མང་པོར་དུས་ཚིགས་རང་བཞིན་གྱི་ཆམ་རིམས་ནད་དུག་འགོག་པའི་ནུས་པ་ལྡན་ཡོད། འོན་ཀྱང་ཏོག་གསར་ནད་དུག་ནི་ནད་དུག་གསར་པ་ཞིག་ཡིན། དེས་ཏོག་གསར་གློ་ཚད་འགོ་སླ་བའི་མི་ཚོགས་དེ་བས་མང་བ་དང་མི་ལ་ལར་ནད་གཞི་ལྕི་པོ་ཕོག་སྲིད་པ་མཚོན་གྱི་ཡོད་ཅེས་བརྗོད། 

         གསུམ་པ། མིག་སྔར་ཏོག་གསར་ནད་དུག་ལ་དམིགས་པའི་རིམས་འགོག་སྨན་ཁབ་དང་ཆེད་དམིགས་བཅོས་ཐབས་མེད། ཐན་ཏེ་སའེ་ཡིས་མིག་སྔར་ཏོག་གསར་ནད་དུག་ལ་དམིགས་པའི་རིམས་འགོག་སྨན་ཁབ་20ལྷག་ཙམ་ཞིབ་འཇུག་གསར་སྤེལ་བྱེད་བཞིན་ཡོད་པ་དང་། བཅོས་ཐབས་ཁག་གཅིག་ལའང་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་བྱེད་བཞིན་ཡོད་ཅེས་བཤད། 

          བཞི་བ། ཆམ་རིམས་ཚོད་འཛིན་བྱེད་མི་ཐུབ་མོད། འོན་ཀྱང་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཚོད་འཛིན་བྱེད་ཐུབ། ཐན་ཏེ་སའེ་ཡིས“ང་ཚོས་དུས་ཚིགས་རང་བཞིན་གྱི་ཆམ་རིམས་ལ་དམིགས་ནས་འབྲེལ་གཏུག་བྱེད་མཁན་ལ་རྗེས་སྙེག་བྱེད་ཀྱི་མེད། འོན་ཀྱང་རྒྱལ་ཁབ་ཁག་གིས་ཏོག་གསར་གློ་ཚད་ཀྱི་ནད་པ་དང་འབྲེལ་གཏུག་དམ་ཟབ་བྱེད་མཁན་ལ་རྗེས་སྙེག་བྱེད་དགོས། དེ་ལྟར་བྱས་ན་ནད་བགོ་བར་བཀག་འགོག་དང་ཚེ་སྲོག་སྐྱོབ་ཐུབ”ཅེས་བརྗོད། 

         ཐན་ཏེ་སའེ་ཡིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཚོད་འཛིན་ཐུབ་པའི་དབང་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་ཁག་ལ་ཕྱོགས་ཡོངས་ནས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སྤྱོད་དགོས་པ་དང་། ལྷག་པར་དུ་ཆམ་རིམས་ཞིབ་དཔྱད་ཚད་ལེན་དང་སྔོན་འགོག་ཚོད་འཛིན་མ་ལག་བཙུགས་ཟིན་པའི་རྒྱལ་ཁབ་དེ་དག་གིས་ད་ཡོད་ཀྱི་མ་ལག་ལ་བབ་མཚུངས་ཀྱི་ལེགས་སྒྲིག་བྱེད་ན་ཆོག་པས་གསར་དུ་འགོ་འཛུགས་མི་དགོས་ཞེས་འབོད་སྐུལ་བྱས་ཡོད་ཅེས་ནན་བཤད་བྱས་པ་རེད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།