མཛོད་དགེ་རྫོང་གིས་གོ་རིམ་ལྡན་པའི་སྒོ་ནས་དཔྱིད་རྨོད་ཀྱི་ལས་དོན་སྤེལ།

རྩོམ་པ་པོ།   གསང་བདག་སྒྲོལ་མ། དུས་ཚོད།   2020-03-03   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

        ད་སྐབས་ནི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་རྩའི་དུས་སྐབས་ཤིག་ཡིན་ལ། དཔྱིད་རྨོད་ཀྱི་དུས་སྐབས་གལ་ཆེན་ཞིག་ཀྱང་ཡིན། མཛོད་དགེ་རྫོང་གི་ཡུལ་གྲོང་ཁག་གིས་དཔྱིད་རྨོད་ཀྱི་དུས་ཚོད་ལེགས་ཤོས་དེ་དམ་པོར་བཟུང་སྟེ་གོ་རིམ་ལྡན་པའི་སྒོ་ནས་དཔྱིད་རྨོད་ཀྱི་ལས་དོན་སྤེལ། 
       ཆོས་རྗེ་ཡུལ་ཚོ་རུ། ཞིང་བ་ཚོས་རང་ཉིད་འགོག་སྲུང་ཡག་པོ་བྱེད་པ་དང་ཆབས་ཅིག  རང་ཉིད་ཀྱི་ཞིང་འཕྲུལ་ཡོ་བྱད་ཉམས་གསོ་དང་ས་བོན་ལེགས་འདེམས་བྱས་ཏེ་དཔྱིད་རྨོད་ཀྱི་ལས་དོན་སྤེལ་བཞིན་འདུག
        ཆོས་རྗེ་ཡུལ་ཚོ་སྒར་བ་གྲོང་སྡེའི་ཞིང་འཕྲུལ་ཡོ་བྱ་ཉམས་གསོ་བ་དགེ་འདུན་སྐྱབས་ཚང་གི་སྒོ་ཁ་རུ། ཉམས་གསོ་བྱ་དགོས་པའི་ཞིང་འཕྲུལ་ཡོ་བྱད་བཞག་ཡོད་པ་དང་། ཁོས་ཞིང་འཕྲུལ་ཡོ་བྱད་དག་ཉམས་གསོ་དང་ཞིག་གསོ་བྱེད་བཞིན་ཡོད། དགེ་འདུན་སྐྱབས་ཀྱིས། ལོ་སྔོན་མར་ཞིང་འཕྲུལ་ཡོ་བྱད་200ལྷག་ཉམས་གསོ་བྱས་མོད། འོན་ཀྱང་ད་ལོར་རིམས་ནད་ཀྱི་ཤུགས་རྐྱེན་འོག་ཁོས་གྲོང་སྡེ་ནང་ཁུལ་གྱི་ཞིང་འཕྲུལ་ཡོ་བྱད་ཉམས་གསོ་བྱས་པ་ལས་གཞན་དག་ཉམས་གསོ་བྱ་མི་ཐུབ་ཅེས་བཤད། 
        མཛོད་དགེ་རྫོང་ཆོས་རྗེ་ཡུལ་ཚོས་མི་སྣ་འགྲོ་སྐྱོད་ཉུང་དུ་བཏང་བའི་གནས་ཚུལ་འོག  གྲོང་མི་ཚོར་རང་ཁྱིམ་གྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ཡག་པོ་བྱེད་པ་དང་། གསོ་ཚགས་ཡག་པོ་བྱེད་པ། ཞིང་ལས་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ཏེ་ད་ལོའི་དཔྱིད་རྨོད་ལ་གྲ་སྒྲིག་ཡག་པོ་བྱེད་དགོས་པའི་འབོད་སྐུལ་བྱས། རྫོང་ཚན་རྩལ་ཞིང་ལས་ཅུས་ཀྱི་ལས་བྱེད་མི་སྣ་ཞིང་ཁར་བསྐྱོད་དེ་རིམས་ནད་ཀྱི་སྐབས་སུ་ཅི་ལྟར་དཔྱིད་རྨོད་ཀྱི་ལས་དོན་སྤེལ་ཚུལ་དྲིལ་སྒྲོག་བྱས་པ་དང་།  ཚང་མ་ཕྱི་རུ་ཞིང་ལས་བྱེད་པར་སྐྱོད་སྐབས་སྔོན་འགོག་དང་ཐོན་སྐྱེད་ལ་འཐུས་ཤོར་མི་ཡོང་བར་འགན་ལེན་བྱས།
        ཡུལ་གྲོང་ཁག་གིས་དཔྱིད་རྨོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་འགན་ལེན་ཏན་ཏིག་བྱ་ཆེད། རྫོང་ཚན་རྩལ་ཞིང་ལས་ཅུས་ཀྱིས་ཞིང་བའི་ཞིང་ལས་རྒྱུ་ཆའི་དགོས་མཁོ་དང་གྲབས་གསོག་གནས་ཚུལ་དུས་ཐོག་ཏུ་གསལ་རྟོགས་བྱས་པ་དང་། བསྡོམས་རྩིས་བརྒྱབ་རྗེས་རྫོང་མཁོ་ཚོང་ཁང་དང་མཉམ་འབྲེལ་བྱས་ཏེ་ཚབ་ཉོ་ཞབས་ཞུའི་ལས་དོན་སྤེལ། དེ་དང་ཆབས་ཅིག་ཀྲུང་གོའི་ཞིང་ལས་ལག་རྩལ་ཁྱབ་གདལ་ལས་སྟེགས་དང་། དྲྭ་རྒྱ། སྐད་འཕྲིན་སོགས་སྤྱད་དེ་དཔྱིད་རྨོད་ལག་རྩལ་མཛུབ་ཁྲིད་དང་དོགས་སེལ་སྐོར་ནས་ཞབས་འདེགས་ཞུས་ཏེ། མང་ཚོགས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔྱིད་རྨོད་ཁྲོད་འཕྲད་པའི་གནད་དོན་དག་ཐག་བཅད་དོ།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།