མེ་ ལོང་།

རྩོམ་པ་པོ།   ♦གྱང་ཆག (རྫ་སྟོད།)དུས་ཚོད།   2020-03-03   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

མེ་ལོང་ལས་དུས་ཚོད་བཞུར་འགྲོ། མེ་ལོང་ལས་ལོ་ཟླ་རྒས་འགྲོ།

མེ་ལོང་ལས་བྱ་ཁྱུ་གནམ་ལ་འཕུར་འགྲོ། མེ་ལོང་ལས་མེ་ཏོག་གི་ནམ་ཟླ་ཡལ་འགྲོ། མེ་ལོང་ལས་ཡོད་ཚད་རྒས་སུ་བཅུག་འགྲོ།

ཉི་མ་འཆར་ཐེངས་རེ་ལ་རྟ་མཆོག་གི་རྨིག་སྒྲ་དྲན་འོངས། ཟླ་བའི་ཕྱོགས་སུ་མིག་ཟུང་ཅེར་ཐེངས་རེ་ལ་ཁྱེད་ཀྱི་བཞིན་རས་སྨུག་པོ་དེ་དྲན་འོངས།

ཚེ་སྲོག་རླུང་ལ་བརྡར་བའི་དར་ལྕོག་རྙིངས་རལ་དག་མཐོང་ཐེངས་རེར་བདག་དང་བདག་གི་སྙན་ངག་དྲན་འོངས།

རྫ་ཆུའི་རླབས་རིས་ཀྱི་གཉེར་མ་རུ་འོད་ཟེར་ཆེམ་ཆེམ་འཕྲོ་ཐེངས་རེར་སྙན་ངག་པ་སྐྲ་ལོ་རིང་པོ་ཅན་དྲན་ཡོང་ཨང་།

མཚན་མོ་འདིར། ངས་བོད་གླུ་སྙན་མོ་ཞིག་ལ་རྣ་བ་བླགས་ཏེ།

རྫ་ཆུ་སྔོན་མོའི་འགྲམ་ངོགས་སུ་འགྲེང་དུས།

མེ་ལོང་ངོས་སུ། རབ་རིབ་ཏུ་གྱུར་བའི་ངའི་མེས་པོའི་ལོ་རྒྱུས་ཀྱི་གསང་བ་རེ་རེ་དང་བདེན་ལུགས་ཀྱི་ལྟ་བ་རེ་རེར་འོད་དུ་འཚེར་གྱིན་འདུག་ནའང་། མིག་ཀོང་ན་འཁྱིལ་བའི་སྙན་ངག་གི་མཆོད་པ་མཐོང་མི་ཐུབ་པས། ཁོ་བོའི་སེམས་ལ་དགུན་ཁའི་གྲང་རླུང་ཁུར་བའི་ཕུག་རོན་ཞིག་བབས་འོངས་པ་དང་ཅི་འདྲའི་མཚུངས་ཨང་།

ཟླ་འོད་མོག་པའི་མཚན་ལྗོངས་འདིར། མེ་ལོང་གི་ངོས་སུ།

སྒྱུ་འཕྲུལ་དང་སྐར་མདའ་ཡིས་བཏེགས་པའི་རྣམ་ཤེས་དང་བརྩེ་དུང་། ད་དུང་། རེ་སྒུག་གི་བྱ་ཁྱུ།

རེ་སྨོན་གྱི་ཕུགས་བསམ། ཡོད་ཚད་ལ་སྲ་ཞིང་མཁྲེགས་པའི་ལྕགས་ཀྱི་སྒོ་ཟྭ་བརྒྱབ་པས། སྙན་ངག་གི་གཤོག་པ་ཡང་གང་སར་བརྐྱངས་པར་དཀའ།

དོ་ནུབ། དགུན་གཞུང་གི་མཚན་ངོགས་སུ་རྫ་ཆུ་སྔོན་མོ་ངའི་མིག་མདུན་ནས་ཤག་ཤག་ཏུ་བཞུར་བའི་འབབ་རྒྱུན་ལས་ཙག་རླུང་གིས་བཅུམས་པས་ཆབ་རོམ་དུ་གྱུར།

དགུན་རླུང་འདི་ཧམ་སེམས་དང་གདུག་རྩུབ་བཅས་ཏེ་རྒྱུ་ཡོང་ཞིང་།མཚམས་མཚམས་སུ། ད་གཟོད་དགུན་རླུང་དེས་ང་རང་རྒྱ་མཚོ་ཆེན་པོ་ཞིག་གི་ནང་དུ་དེད་སོང་བའི་སྣང་བ་ཤར།

སྐབས་སྐབས་སུ།བུ་མོ་སྐྲ་རིང་མ་ཞིག་གིས་ང་ལ་འགྲམ་ལྕག་ཡང་ཡང་བཞུས་ཀྱིན་འདུག་པའི་ཚོར་བ་ཞིག་སྐྱེས་ནའང་།

ངའི་སྟོང་བསམ་གྱི་མེ་ལོང་ལས་བར་སྐོར་གླིང་གི་སྤུན་ཟླ་ཚོའི་རྣམ་ཤེས་ཀྱི་གསོལ་འདེབས་དྲོན་མོས་ངའི་སེམས་ལ་མཆོད་མེ་སྦར་ཞིང་རེ་སྨོན་གྱི་རླུང་རྟ་སྤུར་གྱིན་འདུག་པ་ངས་གློ་བུར་དུ་རྟོགས།

མེ་ལོང་དུ། འཇའ་ཚོན་གྱོན་པའི་ཕྱེ་ལེབ་ཅིག་འཕུར་གྱིན་འདུག

མེ་ལོང་དུ། ངའི་སྙན་ངག་གི་ཟིལ་བ་ལྷུག་གེར་འཛུམ་ཡོད།

མེ་ལོང་དུ། གངས་རི་དང་རྩྭ་ཐང་ལ་བྱ་རྒོད་ཀྱི་རྣམ་ཤེས་འཁོར་ཡོད།

མེ་ལོང་དུ། མོའི་གླུ་སྐད་ལ་སྨྲེང་བ་འཁྱིལ་ཡོད།


རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།