ཐང་ ག་ རྙིང་ བ།

རྩོམ་པ་པོ།   ♦འཁོན་བུ་སྟག་རྒྱལ་ཚེ་རིང་། (རྨ་ལྷོ།)དུས་ཚོད།   2020-03-03   རྩོམ་ཁུངས།    རྔ་བའི་གསར་འགྱུར་ཚགས་པར།

            “ཨ་ཧ་བོ” ཚེ་རིང་རྡོ་རྗེས་བྲག་དཀར་རི་འདབས་སུ་ལུག་འཚོ་སྐབས་ཤིག་ལ་ཁ་པར་རྣ་བར་གླན་ནས་གློ་བུར་དུ་ཁེར་ལབ་དེ་འདྲ་ཞིག་ཤོར་སོང་། ཉི་ཟེར་གྱི་ཟེགས་མ་རེ་རེ་རང་བྱུང་ཁམས་ཆེན་མོ་འདིའི་པང་ཁུགས་སུ་འཐོར་ནས་བྲག་དཀར་རི་བོའི་ཉེ་འདབས་ཀྱི་བྱ་བྱེའུ་འབའ་འབུ་དང་རྩྭ་ལྗང་དང་མེ་ཏོག་ཚོགས་ལ་སླར་ཡང་གསོན་ཤུགས་རྒྱས་མགོ་ཚུགས་པའི་དུས་སྐབས་འདིར། ཁོའི་སེམས་པ་སྐད་ཅིག་མྱུར་ཉིད་ལ་འཁྱག་སོབ་སོབ་ཏུ་གྱུར་ཅིང་ལུས་ཡོངས་རྗོགས་ལ་བཤད་མི་ཤེས་པའི་ཚོར་བ་ལྕི་མོ་ཞིག་གིས་ཆུ་འཁྱག་བླུགས་པ་ལྟར་གྲང་ཤུར་ཤུར་དུ་བཏང་། གློ་བུར་བའི་དུས་ཚོད་དེར་ཁོའི་སེམས་ལ་དྲི་བ་མང་བོ་ཞིག་འདི་ལྟར་འཚང་ཁ་ཤིག་ཤིག་ངང་འཁོར་བྱུང་། “ཚོ་དཔོན་དོན་ཁོས་བཤད་པའི་གཏམ་རྒྱུད་དེ་བདེན་པ་ཡིན་ནམ། མི་རབས་བཅུ་གཉིས་ཙམ་ཞིག་གི་ཡར་སྔོན་ལ་ཚོ་བའི་ནང་དུ་དེ་འདྲའི་དོན་དག་འཇིགས་སུ་རུང་བ་ཞིག་བྱུང་བ་དེ་བདེན་པ་ཡིན་ནམ། རྒན་མོ་དེ་ཅིའི་ཕྱིར་ཚོ་བའི་མི་རྣམས་ཀྱིས་རུ་བ་དགུན་སར་སློག་སྐབས་རུ་ཤུལ་ནས་བསྐྱུར་ཏེ་འཆི་ལམ་དུ་སྤྱུགས་པ་ཡིན་ནམ། མ་རེད། རྒན་མོ་དེར་ཨེ་ཙིའི་ནད་ལྟ་བུའི་འགོས་ནད་ཅིག་བྱུང་སོང་བ་ཡིན་ནམ། རྒན་མོ་དེས་འཆི་ཁར་ཚོ་བར་དམོད་འདེབས་བྱས་ནས་ཉིན་ཉི་ཤུའི་རིང་ལ་སྐྱེས་པ་བཅུ་གཉིས་ཙམ་ཞིག་གློ་བུར་དུ་ཤི་སོང་ཟེར་བ་དེ་བདེན་པ་ཡིན་ནམ། ཤར་གྱི་བླ་མ་སྲུང་མདུད་ཅན་བྱ་བས་དམོད་འདེབས་བཟློག་པའི་ཆེད་དུ་བྲག་དཀར་རི་ཟོམ་ནས་ཐང་ག་རྙིང་ཞིང་ཧྲུལ་བ་སྣུམ་གྱིས་ཟིན་ཅིང་འོད་ཀྱིག་གེར་གནས་པ་ཆེ་ཆུང་དུ་འབྲོག་ཁྱིམ་ཞིག་གི་ཁང་བའི་དྲ་མ་དང་འདྲ་བ་ཞིག་གཏེར་གནས་བཏོན་ཏེ་ཚོ་བར་གནང་ཡོད་ཟེར་བ་དེ་བདེན་ནམ། རིག་གནས་གསར་བརྗེའི་སྐབས་ཐང་ག་དེ་སྲིད་གཞུང་གིས་མ་ཁྱེར་རམ། ཐང་ག་དེ་ཚོ་དཔོན་སུ་ཡིན་ན་དེ་ཚང་གི་མཆོད་སྟེགས་སྟེང་བཤམས་དགོས་ཟེར་བའི་ལུང་ཞིག་ཀྱང་བསྟན་ཡོད་པ་བདེན་ནམ། ”མཚམས་འདིར་བསླེབས་དུས། ཡུལ་འདིའི་གྲང་འཁྱག་རན་པའི་བསིལ་རླུང་ཞིག་གིས་ཁོའི་གདོང་ལ་ཡང་ཡང་རྡེག་པས་ཁོའི་དྲན་པ་ལྗིད་ཏིག་ཏིག་ངང་ཕྱིར་ཁ་པར་གྱི་འཆར་ཤེས་ངོས་སུ་ལྷུང་བྱུང་།

        “ཞོ་ཕན་ཀོ་དང་རྒྱ་ཆུ་བུར་མིག་གཉིས་ཀ་མི་འདུག ཁ་སང་བདེ་སྐྱིད་སྒྲོལ་མའང་སློབ་གྲྭར་བུད་སོང་ཟེར། ” ཚོ་དཔོན་དོན་ཁོས་དབུགས་ཧད་ཧད་ངང“རུ་ཚོམས་”ཞེས་པའི་སྐད་འཕྲིན་ཚོམས་དེའི་ནང་དུ་དེ་ལྟར་འཆད་བཞིན་འདུག ཚེ་རིང་རྡོ་རྗེས་དེ་ཐོས་མ་ཐག་ཧད་མ་ཙོག་གིས་མིག་ལ་རྡེབ་བཙུམ་ཙམ་ཡང་མེད་པར་ཡུན་རིང་ལ་ལུས་རྗེས། ཞོ་ཕན་ཀོ་ཟེར་བའི་རྒྱ་མི་དེ་ནི་ལོ་ངོ་བཅུ་གཉིས་ཙམ་གྱི་ཡར་སྔོན་གྱི་ཁ་བ་ལྷབ་ལྷུབ་འབབ་པའི་དགུན་གཞུང་ཞིག་ལ་རྐང་འབོབ་དང་ཞྭ་མོ། པུ་པུ་དང་སོ་མང་། ཚོན་མདངས་དང་ལྡན་པའི་ལྭ་བ་སྣ་ཚོགས་བཅས་འགྱིག་སྒྱེ་ཆེན་པོ་ཞིག་ཏུ་ཁུར་ནས་ཚོ་བ་འདིར་སླེབས་ཤིང་རྗེས་སུ་ཁོའི་བརྩེ་དུང་གི་སྐ་རགས་ཡུགས་ས་མ་ཚེ་སྐྱིད་ལ་བཅིངས་པས་ཁོང་གཉིས་གཞིས་ཁྱིམ་གཅིག་ནས་གཞིས་སྡོད་བྱས་པ་སོགས་ཡིད་ལ་ཝ་ལེར་དྲན་བྱུང་། ཞོ་ཕན་ཀོ་ནི་མི་གཞུང་དྲང་ཞིང་ཁ་ཁོག་མེད་པ། དུས་རྒྱུན་ཚོ་དཔོན་དང་འབྲེལ་འདྲིས་བྱེད་པར་དགའ་ཞིང་རྒྱུན་དུ་ཚོ་དཔོན་ཚང་ལ་འགྲོ་བའི་མི་ཞིག་ཡིན། ཁོས་དེ་ལྟར་སྒྲུབ་མི་སྲིད། ཁོ་ལ་མཚོན་ན་དེ་ནི་མཁོ་མེད་ཀྱི་དངོས་པོ་ཞིག་རེད་བསམ་བཞིན་རྒྱ་ཆུ་བུར་མིག་དྲན་བྱུང་། རྒྱ་ཆུ་བུར་མིག་དེ་ནི་ང་ཚོའི་ཚོ་བའི་སློབ་ཆེན་སློབ་མ་གཅིག་པུ་སྟེ་བདེ་སྐྱིད་སྒྲོལ་མས་ཟླ་གཉིས་ཙམ་གྱི་ཡར་སྔོན་ལ་ང་ཚོའི་སྡེ་བ་འདིར་ཁྲིད་ཡོང་བའི་ཕྱི་རྒྱལ་བ་ཞིག་ཡིན། ཁོ་ནི་གཟུགས་རིང་ཞིང་ཤ་ཅུང་རྒྱགས་ལ་སྟོད་གོས་དང་རྐང་སྣམ་གྱི་སྟེང་དུ་ཁུག་མ་ཆེ་མ་ཆུང་གསུམ་ཧ་ཅང་མང་བར་མ་ཟད་བཟོ་ལྟ་སྣ་ཚོགས་གཏོད་པར་དགའ་བའི་མི་ཞིག་ཡིན། ཉིན་འདི་དག་གི་རིང་ལ་ཚོ་དཔོན་དང་འབྲེལ་འདྲིས་བྱས་ནས་ཁོང་གཉིས་གྲོགས་པོ་བཟང་བོ་ཆགས་ཡོད་པར་མ་ཟད། ཁོས“ ང་རྩམ་པར་དགའ” སོགས་ཏ་མ་ཏིག་གི་སྐད་ཆ་འགའ་རེའང་སྦྱོང་བཞིན་འདུག ཁོ་ཡང་ཡིན་མི་སྲིད། ཁོ་ལ་དེ་འདྲའི་དངོས་བོ་རྙིང་བ་ཞིག་གིས་ཅི་བྱ། ཁོས་དེ་གྱོན་ས་མི་འགྲོ་ལ་བཟར་སའང་མི་འགྲོ། ཁོ་ནང་པའང་མ་རེད། ཁོས་དེ་འཁྱེར་མི་སྲིད། ང་འདི་ཅི་འདྲའི་གླེན་པ་ཞིག་རེད་ཨང་བསམ་བཞིན་ཁོའི་ཡིད་ལ་ཚོ་དཔོན་དོན་ཁོ་ཡང་ཡང་འཁོར་བྱུང་།

         ཉིན་གཅིག

         ཉིན་གཉིས།

         ཉིན་གསུམ། རེ་རེ་ནས་འདས་རྗེས་ཚོ་དཔོན་དོན་ཁོ་ཐང་ག་རྙིང་བ་དེ་བོར་བར་བརྟེན་སྨྱོས་པ་རེད། ལ་ལ་ཞིག་གིས་གཟའ་བརྒྱབ་བྱུང་ཟེར། ཡང་ལ་ལ་ཞིག་གིས་་་་་་།

         ཉིན་རྒྱུན་ཉི་མར་ལྡེ་ཞོར་ཁ་བརྡ་གློད་བཞིན་པའི་དགོན་འདབས་ཀྱི་རྒན་པོ་དེ་དག་གིས་ཀྱང“ད་ནི་ཚོ་བ་འདིར་ལྟས་མི་ལེགས་པ་ཞིག་འབྱུང་ངེས་རེད།” སོགས་སྨྲེ་ངག་མང་བོ་འདོན་བཞིན་འདུག ཡིན་ན་ཡང་དར་རྒྱས་སོགས་གསར་བུ་འགའ་                ཡིས“ཐང་རྙིང་ཞིག་བོར་སོང་ན་དེ་ནི་སྐྲག་དགོས་པ་ཞིག་ཡེ་ནས་མ་རེད། དུས་རབས་ཉེར་གཅིག་རེད། འཛམ་གླིང་ལ་ཚན་རིག་དར་ཡོད་པ་རེད།སྨན་བཅོས་ལག་རྩལ་མཐོ་བ་རེད།མི་རབས་བཅུ་གཉིས་སྔོན་གྱི་ནད་དེ་ཕྱིར་ཡོང་ནའང་ཅི་ལ་སྐྲག ལོ་ལོན་འདི་དག་ངོ་མ་རྨོངས་དད་ཟེར་ནོ་རེད” སོགས་ལབ་གླེང་མང་བོ་བྱེད་བཞིན་འདུག

          ཚེ་རིང་རྡོ་རྗེས་སྔར་བཞིན་ཐང་ག་དེ་སུས་ཁྱེར་བའི་ཕྱོགས་ལ་བསམ་བློ་གཏོང་བཞིན་འདུག

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།