སྒྲིག་སྲོལ་གསར་པ་འདི་དག་དེ་རིང་ནས་བཟུང་ལག་བསྟར་བྱས་པ།

སྤྱི་ལོ་2020ལོའི་ཟླ་3པའི་ནང་། རང་རྒྱལ་གྱིས་སྒྲིག་སྲོལ་གསར་པ་ཁག་གཅིག་ལག་བསྟར་བྱ་རྒྱུ་ཡིན་པ་དང་། དེས་ཁྱོད་དང་ང་ཡི་འཚོ་བར་ཤུགས་རྐྱེན་ཅི་འདྲ་ཞིག་ཐེབས་སྲིད་དམ།

རྩོམ་པ་པོ།   དུས་ཚོད།   2020-03-02   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

01

ཧུའུ་པེ་ཞིང་ཆེན་ཁོངས་སུ་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་ལ་གནས་ཐང་འཕར་ཁྲལ་མི་བསྡུ་བ་དང་། ས་ཁུལ་གཞན་དག་གི་བསྡུ་ཚད་3%ནས་1%བར་གཅོག་རྒྱུ་ཡིན་པ།

     ཟླ་2པའི་ཚེས་25ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་རིམས་ནད་ཀྱི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་རྒྱུའི་བཀོད་སྒྲིག་གནང་ཡོད།

     ཚོགས་འདུའི་ཐོག་གཏན་འབེབས་བྱས་དོན། གཅིག་ནི་ཟླ་3པའི་ཚེས་1ཉིན་ནས་ཟླ་5པའི་ཟླ་མཇུག་བར་ཧུའུ་པེ་ཞིང་ཆེན་ཁོངས་སུ་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་ལ་གནས་ཐང་འཕར་ཁྲལ་མི་བསྡུ་བ་དང་། ས་ཁུལ་གཞན་དག་གི་བསྡུ་ཚད་3%ནས་1%བར་གཅོག་རྒྱུ་ཡིན་པ། གཉིས་ནི་ཁེར་རྐྱང་བཟོ་ཚོང་དུད་ཚང་ལས་ཚན་པ་ལྟར་འགན་བཅོལ་ནང་ཞུགས་ཡོད་པའི་ཁེ་ལས་ལས་བཟོ་བའི་རྒན་གསོ་དང་། ལས་ཤོར། ལས་རྨས་འགན་བཅོལ་ནང་ཞུགས་ཡོད་པ་རྣམས་ཀྱིས་ཁེ་ལས་ཆུང་འབྲིང་དག་དང་འདྲ་བར་སྤྲོད་ཚད་ཇེ་དམའ་དང་མེད་པར་གཏོང་བའི་སྲིད་ཇུས་ལོངས་སྤྱོད་བྱེད་ཐུབ་པ། གསུམ་ནི་དངུལ་རྩའི་སྒྲིག་གཞིར་དངུལ་བུན་ཀྱི་སྐྱེད་ཀ་དམའ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་ཕྱོགས་ངེས་གཏན་གྱིས་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་རྒྱབ་སྐྱོར་བྱེད་པ། བཞི་ནི་ནུས་ཁུངས་ཟད་གྲོན་ཆེ་བའི་ལས་རིགས་ཕུད་དེ་མིན་གྱི་བཟོ་ཚོང་ལས་རིགས་ཀྱི་གློག་རིན་དུས་རིམ་རང་བཞིན་གྱིས་5%གཅོག་རྒྱུའི་སྲིད་ཇུས་དོན་འཁྱོལ་བྱེད་པ། ལྔ་ནི་ས་གནས་ཁག་གིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཁོངས་བེད་སྤྱོད་དཔྱ་ཁྲལ་ཇེ་ཡང་དང་མེད་པར་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་བོགས་གཏོང་ཕྱོགས་ཀྱིས་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་བོགས་དངུལ་ཇེ་ཡང་དང་མེད་བར་གཏོང་བར་རྒྱབ་སྐྱོར་བྱེད་དགོས་པ་བཅས་སོ།།

2

ཁང་བུན་གྱི་རིགས། ཁང་པའི་དངུལ་བུན་གྱི་སྐྱེད་ཀའི་ཚད་“བསྐྱར་དུ་གཏན་འབེབས”བྱས་འདུག

     ཀྲུང་དབྱང་དངུལ་ཁང་གིས་སྤྱི་བསྒྲགས་སྤེལ་ནས་ཟླ་3པའི་ཚེས་1ཉིན་ནས་བཟུང་།  གསོག་ཚད་འཕར་ཆག་གི་སྐྱེད་ཚད་དངུལ་བུན་གྱི་རིན་གོང་གཏན་འབེབས་བྱེད་པའི་གཞི་འཛིན་ས་དེ། དངུལ་བུན་གྱི་གཞི་འཛིན་སའི་སྐྱེད་ཚད་ནས་དངུལ་བུན་ཁྲོམ་རའི་རིན་གོང་སྙན་ཞུའི་སྐྱེད་ཚད་LPRལ་འགྱུར་བ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། རྩ་དོན་ཐོག་འགྱུར་ལྡོག་དེ་2020ལོའི་ཟླ་8པའི་ཚེས་31ཉིན་གྱི་སྔོན་དུ་ལེགས་སྒྲུབ་བྱེད་དགོས་པ་ཁྱབ་བསྒྲགས་བྱས་ཡོད།

03

དངུལ་འཛིན་བཅའ་ཁྲིམས་གསར་པ་ཟླ་3པའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་དང་། ཐོ་འགོད་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་རྒྱུ་ཡིན་པ།

     དངུལ་འཛིན་བཅའ་ཁྲིམས་གསར་པ་2020ལོའི་ཟླ་3པའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད། དངུལ་འཛིན་སྐོར་གྱི་བཅའ་ཁྲིམས་རྙིང་པ་དང་བསྡུར་ན། བཅའ་ཁྲིམས་གསར་པའི་ནང་དུ་དངུལ་འཛིན་འགྲེམ་སྤེལ་བྱེད་སྐབས་མ་ལག་ནང་ཐོ་འགོད་ལམ་ལུགས་ཀྱི་འབྲེལ་ཡོད་ནང་དོན་མངོན་ཡོད་པ་དང་། མ་དངུལ་འཇོག་མཁན་གྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཐད་དངུལ་འཛིན་གྱི་དམངས་དོན་སྐྱིན་ཚབ་འཇལ་བའི་གཏུག་བཤེར་ལམ་ལུགས་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཡོད། བཅའ་ཁྲིམས་ཀྱི་འགན་འཁྲིའི་ཐད་དངུལ་འཛིན་ཁྱབ་ཁོངས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཆད་པ་གཅོད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་བཏང་ཡོད། 

     “རིམ་པ་གསར་པའི་”དངུལ་འཛིན་བཅའ་ཁྲིམས་ཕྱིར་ཐོན་པ་དེས་ཀྲུང་གོའི་མ་རྩའི་ཁྲོམ་ར་དེ་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་ལམ་བུའི་ཐོག་གོམ་པ་གལ་ཆེན་ཤིག་སྤོས་པ་མཚོན་ཡོད་ལ། མ་རྩའི་ཁྲོམ་རའི་རྩ་བའི་བཅའ་ཁྲིམས་ཤིག་ཡིན་པའི་ངོས་ནས་ཕྱོགས་ཡོངས་ནས་བཟོ་བཅོས་ཆེན་པོ་བྱས་པའི་དངུལ་འཛིན་བཅའ་ཁྲིམས་ཀྱིས་ཁྲོམ་རའི་སྐྱེ་ཁམས་ལ་འགྱུར་ལྡོག་གཏིང་ཟབ་པ་བཏང་ནས་མ་རྩའི་ཁྲོམ་རའི་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྲུང་སྐྱོང་དེ་བས་ལེགས་པོ་བྱ་རྒྱུར་རེ་སྒུག་བྱས་ཡོད། 

04

སྤྱི་བདེ་པུའུ་ཡིས་སློབ་གསོ་དང་ལེན་བྱས་ནས་འགྲིམ་འགྲུལ་ཁྲིམས་འགལ་གྱི་སྐར་མ་ཉུང་འཕྲི་དང་མེད་པར་གཏོང་བའི་ཚོད་ལྟ་བྱེད་འགོ་ཚུགས་པ།

     སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་སློབ་གསོ་དང་ལེན་བྱས་ནས་འགྲིམ་འགྲུལ་ཁྲིམས་འགལ་གྱི་སྐར་མ་ཉུང་འཕྲི་དང་མེད་པར་བཏང་བ་སོགས་དམངས་ཕན་བྱེད་ཐབས་གསར་པ་6ལག་བསྟར་བྱ་རྒྱུ་ཡིན་པ་དང་། བྱེད་ཐབས་གསར་པ་6ནང་གི་རྣམ་གྲངས་3སྤྱི་ལོ་2020ལོའི་ཟླ་3པའི་ཚེས་1ཉིན་ནས་བཟུང་ཚོད་ལྟའི་ཁྱབ་གདལ་གཏོང་རྒྱུ་ཡིན་ཞིང་། རྣམ་གྲངས་གཞན་3སྤྱི་ལོ་2020ལོའི་ཟླ་3པའི་ཟླ་མཇུག་སྔོན་ལ་རྒྱལ་ཡོངས་སུ་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་ཡིན་པ་རེད། 

     ཚོད་ལྟར་སྤེལ་བའི་བྱེད་ཐབས་3ནི་གཙོ་བོ་གློག་རྡུལ་ལག་ཁྱེར་འགྲིམ་འགྲུལ་དོ་དམ་ཁྱབ་ཁོངས་སུ་བཀོལ་རྒྱུར་སྐུལ་འདེད་གཏོང་བ་དང་། ཁ་ལོ་བའི་སྐར་འགོད་དོ་དམ་ཇེ་ལེགས་སུ་གཏོང་བ་སོགས་ལ་དམིགས་ནས། གཙོ་བོ་ཚོད་ལྟ་བྱེད་ཡུལ་གྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཞིབ་བཤེར་མཚོན་རྟགས་གློག་རྡུལ་ཅན་དང་། ཚོད་ལྟ་བྱེད་ཡུལ་དུ་སློབ་གསོ་དང་ལེན་བྱས་ནས་འགྲིམ་འགྲུལ་ཁྲིམས་འགལ་སྐར་མ་ཉུང་འཕྲི་དང་མེད་པར་གཏོང་བ། ཚོད་ལྟ་བྱེད་ཡུལ་དུ་འགྲིམ་འགྲུལ་ལས་འཛོལ་ཐག་གཅོད་བྱེད་ཚད་དང་མཇུག་འབྲས་དྲ་ཐོག་ནས་འདྲི་རྩད་བྱེད་པ་བཅས་ཚུད་ཡོད་པ་རེད། 

     སློབ་གསོ་དང་ལེན་བྱས་ནས་འགྲིམ་འགྲུལ་ཁྲིམས་འགལ་སྐར་མ་ཉུང་འཕྲི་དང་མེད་པར་གཏོང་བ་ནི་སློབ་གསོ་དང་ཆད་གཅོད་ཟུང་འབྲེལ་བྱས་ཏེ། གཏན་འབེབས་ཆ་རྐྱེན་དང་མཐུན་པའི་ཁ་ལོ་བར་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་སྒྲིག་འཛུགས་བྱས་པའི་འགྲིམ་འགྲུལ་བདེ་འཇགས་སློབ་གསོའི་སློབ་སྦྱོང་དང་། རྒྱུགས་ལེན་དང་ཡང་ན་འགྲིམ་འགྲུལ་བདེ་འཇགས་སྤྱི་ཕན་བྱེད་སྒོ་སོགས་སུ་ཞུགས་ནས། འབྲེལ་ཡོད་བླང་བྱ་དང་མཐུན་ཚེ་ཆེས་མང་ན་ཁྲིམས་འགལ་སྐར་མ་དྲུག་ཉུང་འཕྲི་བྱ་རྒྱུ་དང་། སྐར་མ་ཐོ་འགོད་ལམ་ལུགས་ཀྱི་སློབ་སྟོན་དང་ཁྲིམས་སྲུང་ལ་དྲན་སྐུལ་བྱེད་པའི་དྲང་ནུས་འདོན་སྤེལ་བྱ་རྒྱུ་དེ་རེད།

05

《དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་སྐྱེ་ཁམས་བཅོས་སྐྱོང་སྐོར་གྱི་གཏན་འབེབས》ལྟར་ན་མི་སྣའི་ཚད་བརྒལ་འཚོལ་བཤེར་དང་གྲངས་ཚད་རྫུན་བཟོ་སོགས་ཁྲིམས་འགལ་གྱི་བྱེད་སྒོ་སྤེལ་མི་ཆོག་པ། 

     རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གིས《དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་སྐྱེ་ཁམས་བཅོས་སྐྱོང་གཏན་འབེབས》ཁྱབ་བསྒྲགས་བྱས་པ་དང་། གཏན་འབེབས་ལྟར་ན་དྲ་རྒྱའི་ཆ་འཕྲིན་ཞབས་ཞུ་བེད་སྤྱོད་མཁན་དང་ཐོན་སྐྱེད་བྱེད་མཁན། ལས་སྟེགས་བཅས་ཀྱིས་དྲ་རྒྱའི་གཏུམ་སྤྱོད་དང་། མི་སྣའི་ཚད་བརྒལ་འཚོལ་བཤེར། གཏིང་ཟབ་པའི་རྫུན་བཟོ། གྲངས་ཚད་རྫུན་བཟོ། ཐོ་ཨང་ཚོད་འཛིན་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་སྤེལ་མི་ཆོག་ཅིང་། འབྲེལ་ཡོད་གཏན་འབེབས་2020ལོའི་ཟླ་3པའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

06

《སྲིད་གཞུང་གི་ཉོ་སྒྲུབ་ཆ་འཕྲིན་ཡོངས་བསྒྲགས་དོ་དམ་བྱ་ཐབས》ནང་། སྲིད་གཞུང་གི་ཉོ་སྒྲུབ་ཆ་འཕྲིན་དམིགས་འཛུགས་དྲ་ཚིགས་ཐོག་ཁྱབ་བསྒྲགས་བྱེད་དགོས་པ་བསྟན་ཡོད། 

     སྲིད་གཞུང་གི་ཉོ་སྒྲུབ་ཆ་འཕྲིན་ཡོངས་བསྒྲགས་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་སྲིད་གཞུང་གི་ཉོ་སྒྲུབ་བྱེད་སྒོའི་གསལ་ཚད་མཐོ་རུ་གཏོང་ཆེད། ནོར་སྲིད་པུས་2004ལོར་ཁྱབ་བསྒྲགས་བྱས་པའི《སྲིད་གཞུང་གི་ཉོ་སྒྲུབ་ཆ་འཕྲིན་སྤྱི་བསྒྲགས་དོ་དམ་བྱ་ཐབས》ལ་བཟོ་བཅོས་བརྒྱབ་པ་མ་ཟད།《སྲིད་གཞུང་གི་ཉོ་སྒྲུབ་ཆ་འཕྲིན་ཡོངས་བསྒྲགས་དོ་དམ་བྱ་ཐབས》ཡོངས་བསྒྲགས་བྱས་པ་རེད། བྱ་ཐབས་གསར་པ་2020ལོའི་ཟླ་3པའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཞིང་། བྱ་ཐབས་གསར་པའི་གཏན་འབེབས་ལྟར་ན་ཀྲུང་གོ་སྲིད་གཞུང་གི་ཉོ་སྒྲུབ་དྲ་བ་དང་དེ་བཞིན་ཞིང་ཆེན་རིམ་པའི་ཡན་ལག་དྲ་བས་སྲིད་གཞུང་གི་ཉོ་སྒྲུབ་ཆ་འཕྲིན་ཕྱོགས་བསྡུས་གཏན་འཁེལ་ལས་སྟེགས་ཐོག་ཡོངས་བསྒྲགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། 

07

རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ངོས་འཛིན་དང་དོ་དམ་བྱེད་ཐབས་གསར་པ།

    《རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ངོས་འཛིན་དང་དོ་དམ་བྱ་ཐབས》2020ལོའི་ཟླ་3པའི་ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་རེད། བྱ་ཐབས་དེར་རྒྱུན་འཛིན་པའི་ལག་རྩལ་བྱང་ཆུབ་པའི་ཚད་གཞི་དང་། མཚོན་བྱེད་རང་བཞིན་དང་སྤྱི་ཚོགས་ཤུགས་རྐྱེན། རྒྱུན་འཛིན་བྱེད་སྒོ་སྤེལ་བ། གཤིས་རྒྱུད་བློ་སྦྱོང་སོགས་ཐད་ནས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་ངོས་འཛིན་ཆ་རྐྱེན་ཇེ་ཞིབ་ཏུ་བཏང་ཡོད། སྤྱིར་བཏང་དུ་ལོ་ལྔ་རེར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཁག་གཅིག་ངོས་འཛིན་བྱེད་པའི་ལས་དོན་སྤེལ་རྒྱུ་དང་། དཔྱད་ཡིག་བསྐྱར་ཞིབ་དང་དགོས་མཁོར་གཞིགས་ནས་ཡུལ་དངོས་སྒྲོག་སྦྱངས་བཀོད་སྒྲིག་བྱེད་པ། སྤྱི་དམངས་ཀྱི་བསམ་འཆར་མི་འདྲ་བ་སོགས་དཔྱད་ཞིབ་ཀྱི་གོ་རིམ་དང་ལྷུ་ཚིགས་ཇེ་མང་དུ་བཏང་བ་དང་། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ནས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་འོས་མིའི་ཡོངས་བསྒྲགས་དུས་ཚོད་ཉིན་20ལ་བསྒྱུར་བ།

     བྱ་ཐབས་ནང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཕྱིར་འཐེན་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་རྒྱུན་འཛིན་པའི་ཐོབ་ཐང་མེད་པར་བཟོ་བའི་ཞིབ་ཕྲའི་གནས་ཚུལ་ཁ་གསལ་བཟོས་པ་དང་། ཚེ་ལས་འདས་པའི་རྒྱུན་འཛིན་པའི་དོ་དམ་ཚད་ལྡན་དུ་བཏང་ནས་མི་ཆོས་ཐུགས་ཁུར་མངོན་པར་བྱེད་དགོས་པ་བསྟན་ཡོད།

08

ཟླ་3པའི་ཚེས་1ཉིན་ནས་བཟུང་དཔྱ་ཁྲལ་གཙང་བཤེར་བྱེད་སྐབས་ཁྲལ་ཆད་དང་དུས་འགྱངས་ཆད་དངུལ“ཆ་སྒྲིག”མི་དགོས་པ།  

     རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་སྤྱི་བསྒྲགས་སྤེལ་ནས་ད་ལོའི་ཟླ་3ཚེས་1ཉིན་ནས་བཟུང་ཁྲལ་བསྡུ་དོ་དམ་གྱི་དོན་ཚན་འགའ་ཞིག་ལེགས་སྒྲིག་དང་ཁ་གསལ་བཟོ་རྒྱུ་དང་། དེའི་ནང་ཁྲལ་ཆད་དང་དུས་འགྱངས་ཆད་དངུལ་མེད་པར་བཟོ་བར“ཆ་སྒྲིག”ནས་འཇལ་དགོས་པའི་བླང་བྱ་མེད་པར་བཟོ་བ་དང་། ཁྲལ་འཇལ་རྒྱུན་ལྡན་མིན་པའི་དུད་ཚང་ངོས་འཛིན་དང་ཕྱིར་འཐེན་བྱེད་པའི་གོ་རིམ་ལེགས་སུ་གཏོང་བ་སོགས་ཚུད་ཡོད། གཏན་འབེབས་གསར་པའི་ནང་ད་དུང་གནས་སྐབས་ཁྲལ་དོན་ཐོ་འགོད་ཀྱི་འབྲེལ་ཡོད་གནད་དོན་དང་དེ་བཞིན་ཁེ་ལས་ཀྱི་མ་རྩ་བརྡིབས་པའི་ཞིབ་རྩིས་གོ་རིམ་ཁྲོད་ཀྱི་གཞི་རྩའི་ཁྲལ་བསྡུ་དོ་དམ་གྱི་དོན་ཚན་ཁ་གསལ་བཏོན་ཡོད།

     ཁྲལ་དངུལ་འགྱངས་ཆད་ཀྱི་དུས་འགྱངས་ཆད་དངུལ་བསྡུ་བའི་གནད་དོན་སྐོར་ལ་སྤྱི་བསྒྲགས་ནང་དུ། ཁྲལ་འཇལ་མཁན་དང་། འཐེན་འཇལ་གྱི་འོས་འགན་འཁུར་མཁན། ཁྲལ་འབབ་ཁག་ཐེག་བྱེད་མཁན་བཅས་ཀྱིས་འཇལ་དགོས་པའི་ཁྲལ་དངུལ་དང་དུས་འགྱངས་ཆད་དངུལ་དུས་གཅིག་ཏུ་འཇལ་དགོས་པའི་རེ་བ་འདོན་རྒྱུ་མིན་པར། ཁྲལ་ཆད་སྔོན་ལ་འཇལ་ཆོག་པ་དང་དེ་ནས་ཁྲིམས་ལྟར་དུས་འགྱངས་ཆད་དངུལ་འཇལ་ཆོག

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།