ལོ་ གཉིས་ འགོར་ རྗེས།

རྩོམ་པ་པོ།   དུས་ཚོད།   2020-02-25   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           མི་ལོ་གསུམ་གྱི་རིང་ལ་ཐུང་བའི་དུས་ཚོད་ཀྱི་ཐག་པའི་སྣེ་མོ་ཟད་ལ་ཉེ། དུས་ཚོད་ཟེར་བ་འདི་ཏག་ཏག་རླུང་ལ་བཞོན་ཡོད་པ་ལྟར་སྣང་།

          རིག་འཛིན་སྐྱབས་རྫོང་བོད་ཡིག་སློབ་འབྲིང་ནས་མཐར་ཕྱིན་ལ་ཉེའང་ད་རུང་ཁོ་རང་ཉིད་དགའ་སའི་བུ་མོ་དེར་ཁ་ཞིག་ཀྱང་གྲག་མྱོང་མེད་ཅེས་བཤད་ཆོག ཁོས་རྒྱུན་པར་ང་ལ་དེ་རིང་བུ་མོ་ལྷ་ལྷ་དང་གདུང་ཐུག་བརྒྱབ་སོང་།ཞེས་སྐད་ཆ་ཐེངས་མང་བོ་ཞིག་ལ་བཤད་མྱངས། སྐད་ཆ་དྲང་བོར་བཤད་ན་རིག་འཛིན་སྐྱབས་ནི་ཞི་ལི་གཞན་དག་དང་མི་འདྲ་བར་བུ་མོ་ཞིག་ལ་དགའ་སོང་ན་ཡུན་རིང་ལ་འཐམ་འགྲོ་མཁན་ཞིག་རེད། ངེད་གཉིས་ཀྱིས་ཕན་ཚུན་ལ་སྒེར་གྱི་གསང་གཏམ་རེ་བཤད་པའི་གོ་རིམ་ཁྲོད། ཁོས་ཧ་ཅང་གཟབ་ནན་གྱིས་རང་ཉིད་དགའ་སའི་བུ་མོ་དེ་ཡང་ཡང་གླེང་ཞོར། ང་ལ་སྐལ་བཟང་ངས་བུ་མོ་དེ་ལ་སྙན་ངག་བརྒྱ་དང་བཅུ་གསུམ་བྲི་དགོས་ཟེར། ཡང《ཀློའུ་མོའི་རྣམ་པ》ལྟར་འབྲི་འདོད་ཟེར། སྐད་ཆ་དྲང་མོར་བཤད་ན་ངས་ད་རུང་བུ་མོ་དེ་གསལ་ཆ་དོད་པོ་ཞིག་ངོས་ཟིན་མེད། ཉེ་སྔོན་ཟ་མ་ཟ་བའི་སྐབས་སུ་ཁོས་ང་ལ་བསྟན་མྱངས་ཡང་། སྐབས་དེར་མོས་དཔེ་ཆ་ལ་བལྟ་བཞིན་ཡོད་པས་གསལ་བོར་ཤེས་མ་སོང་། ཡིན་ནའང་རིག་འཛིན་སྐྱབས་མོ་ལ་དགའ་ནས་མི་ལོ་གཉིས་ལྷག་འགོར་གྱིན་པ་གསལ་བོ་ཤེས་ཡོད། མོ་ལ་དགའ་ཞེས་བཤད་མ་ཐུབ་པར་ཁ་རོག་གེར་མོའི་ཉེ་འགྲམ་ནས་ལྐོག་ལྟ་བྱེད་ཞོར་མི་ལོ་གཉིས་འགོར་ཟིན་པ་གསལ་བོར་ཤེས་ཡོད།

         ད་ནི་ཏག་ཏག་ཁོ་ཚོ་མཐར་ཕྱིན་བར་ཟླ་གཅིག་དང་ཉིན་རེ་འགའ་ལས་མེད། སྐབས་རེར་མི་ཞིག་ལ་དགའ་བ་ནི་བར་ཆད་ཅིག་རེད་ལ་སྡུག་བསྔལ་ཞིག་ཀྱང་རེད་འདོད། རིག་འཛིན་སྐྱབས་ཀྱི་སེམས་སུ་དྲན་གདུང་དང་རྨ་ཁ་ཤུར་མོ་རེ་དོད་ནས་སོས་དཀའ་བ་ཞིག་ཏུ་ཆགས་འདུག་པས། སློབ་དཔོན་གྱིས་ད་ནི་ཁྱོད་ཀྱིས་ཁོ་མོ་ལ་སྐད་ཆ་བཤད་མི་ཕོད་ན་བསྐྱུར་ཞོག གལ་སྲིད་ངོ་མ་ཁྱོད་རང་གི་བཤད་འདོད་ཀྱི་སྐད་ཆ་མ་ལུས་བཤད་འདོད་ན་མགྱོགས་པོར་ཤོད་མ་གཏོགས། སྐད་ཆ་མང་བོ་ཞིག་མ་བཤད་པར་སེམས་སུ་བཞག་ཚེ་དེ་རྨ་ཁ་ཆེན་པོ་ཆེན་པོ་རུ་གྱུར་ནས་ཁྱོད་ཀྱི་རྒྱུགས་དང་བསྐྱར་སྦྱོང་སོགས་ལ་ཤུགས་རྐྱེན་ཐེབས་སྲིད་རྒྱུ་རེད་ཅེས་བཤད་མ་ཐག རིག་འཛིན་སྐྱབས་ཀྱིས་དབུགས་རིང་ཞིག་བཏོན་ཏེ། འོ་ཡ་ཞེས་སེམས་ཁུར་གང་ཞིག་གི་རྡོག་ཁྲེས་ལྕི་མོས་ཡོངས་སུ་ནོན་འདུག་པ་བཞིན། དྲོད་འཇམ་གྱི་ཉིན་བྱེད་ནུབ་ཀྱི་རི་རྩེ་ནས་མཚམས་སྤྲིན་གྱི་ཕོན་པོ་དང་ལྷན་དུ་དལ་བ་དལ་བུར་བཞུད་ཀྱིན་པ་ལ་བལྟས་ནས་ཅུང་ཙམ་རིང་ཧད་སོང་། ཨེན་ཙམ་གྱིས་ཀྱང་ཚོགས་ཐུན་གྱི་དྲིལ་སྒྲ་ཡང་གྲག་བྱུང་། དགོང་ཚོགས་གྲོལ་མ་ཐག་རིག་འཛིན་སྐྱབས་ཀྱིས་དཔེ་ཆ་རེ་རུམ་དུ་བཅུག་ནས་མལ་ཤག་ཏུ་ལོག་རྗེས། མལ་ཁྲིའི་སྟེང་སྔ་མོ་ནས་བུད་དེ་ཧ་ཅང་གཟབ་ནན་གྱིས་ཅི་ཞིག་ལ་འདང་རྒྱག་པ་བཞིན།སྡོད་ཁང་ནང་གི་གྲོགས་པོ་དག་གིས་ཀྱང་དེ་རིང་ནི་རིག་འཛིན་སྐྱབས་རྒྱུན་ལྡན་མིན་པ་ཤེས་ཡོད། དེ་ནས་རིག་འཛིན་སྐྱབས་ཀྱིས་སྡོད་ཁང་ནང་གི་གྲོགས་པོ་དག་ལ་ང་ལ་མགོ་ན་བཞིན་ཡོད་པས་ཉལ་བཞག་ནི་རེད་ཅེས་འཚོ་བའི་དགེ་རྒན་དང་རང་མོས་བདག་དམ་ལ་ཤོད་ཟེར་བཞིན། མལ་ཐུལ་གྱིས་མགོ་བོ་བཏུམས། རིམ་གྱིས་གློག་གཟིམ་སྟེ་རེ་ཞིག་སྡོད་ཁང་ཁུ་སིམ་མེར་གྱུར་རྗེས། རིག་འཛིན་སྐྱབས་ཀྱིས་དབུགས་རིང་ཞིག་འདོན་ཞོར་གཉིད་ཡོང་གིན་མེད་པ་འདྲ།

       ཉི་འོད་ཀྱི་ཟེགས་མ་རེ་རེས་སྒེའུ་ཁུང་བརྟོལ་ནས་རིག་འཛིན་སྐྱབས་ཀྱི་མདུན་ཅོག་སྟེང་འཕྲོས་འདུག ཁོས་ཀྱང་འཛུམ་ཞིག་སྟོན་ཞོར་སྐལ་བཟང་འདིར་ཤོག་དང་ཞེས་བོས་བྱུང་། མདང་དགོང་ཡུན་རིང་ཞིག་ལ་མ་གཉིད་པར་འདང་བརྒྱབ་སྟེ་ད་ནི་ཐག་བཅད་ཡོད། ངས་ང་ཚོ་སློབ་གླིང་འདི་ནས་འགྲོ་རན་ཁར་དངོས་སུ་སོང་ནས་བུ་མོ་ལྷ་ལྷ་ལ་སྐད་ཆ་དག་བཤད་རྒྱུ་ཡིན་ཞེས་བཤད་མ་ཐག ཉེ་འཁོར་གྱི་སློབ་གྲོགས་ཀུན་སྐྱིད་ཀྱིས་གསང་བ་ཅི་ཞིག་ཐོས་སོང་བ་ལྟར་དགོད་ཞོར་དུ་སློབ་ཁང་གི་ཕྱི་རུ་བུད། རིག་འཛིན་སྐྱབས་ཀྱིས་ད་འགྲིག་མ་སོང་སྙམ་པའི་རྣམ་འགྱུར་ཞིག་སྟོན་ཞོར་དུ། སྐལ་བཟང་། ད་ང་སློབ་གྲོགས་ཚོའི་ཁ་རུ་འབྲུག་ལྡིར་ལྡིར་བྱེད་རྒྱུ་རེད་ཅེས་བཤད་པ་ན། དེ་ཅི་རེད། ཅི་རེད་ཟེར། ཀུན་སྐྱིད་ཀྱི་ཁ་ནི་འདུག་རེ་མེད་ས་ཞིག་ཡིན་པས་གསང་དོན་ཆུང་ཆུང་ཞིག་ཀྱང་ཤེས་སོང་ན། བཤད་ས་མི་ཆུད་པར་བསྡད་ཡོད་ནི་རེད། དེའི་སྔོན་འུ་ཚང་གི་འཛིན་དཔོན་བདེ་ལེགས་དང་མཐོ་གཉིས་ཀྱི་བུ་མོ་སྐྱིད་སྒྲོན་གཉིས་ཀྱིས་སྐས་འོག་ནས་འོ་བྱེད་ཀྱིན་འདུག་ཅེས་པ་དེ། མོས་ས་ཁྱབ་བྱས་ནི་རེད་ཅེས་ཀུན་གྱི་ཁ་ན་རླུང་དམར་བཞིན་ལྡང་། འོ་ཧོ་ཧོ། ད་ཁྱོད་ཀྱང་ས་ཁྱབ་རྡོ་ཁྱབ་བྱེད་དུ་འཇུག་རྒྱུ་རེད་ཅེས་བཤད་མ་ཐག རིག་སྐྱབས་ཅུང་བློ་བདེ་བོ་ཞིག་ཏུ་གྱུར་མ་སོང་།


རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།