རི་མགོའི་རྫི་བོ།

རྩོམ་པ་པོ།   དུས་ཚོད།   2020-02-24   རྩོམ་ཁུངས།   

      མདོ་སྨད་རོང་ཆེན་བཞིའི་ལེ་ལག་ཏུ་གྲགས་པའི་ཐེ་བོའི་ཡུལ་ཕྱོགས་སུ་ཐེ་ཆུ་སྔོན་མོ་ལྷུང་ལྷུང་དུ་འབབ་ཅིང་། ཤིང་ལྗོན་པའི་ནགས་ཚལ་དང་མེ་ཏོག་དཀར་དམར་གྱིས་ཡོངས་སུ་བརྒྱན་པ། ཐལ་དཀར་གྱི་མཆེ་བ་དགུང་དུ་བསླངས་འདྲའི་གངས་རི་ར་བས་མུ་ཁྱུད་ལྟར་བསྐོར་བ། ཤ་བ་ཁྲ་རིས་སོགས་རི་དྭགས་སྣ་ཚོགས་བག་ཡངས་སུ་རྒྱུ་བ། བྱ་དང་བྱེའུའི་ཚོགས་ཀྱིས་ཀྱུར་ཀྱུར་མགྲིན་པའི་གླིང་བུ་སྒྱུར་བ། འབྲུ་རིགས་སྣ་ལྔའི་དྲི་བསུང་ཕྱོགས་མཐར་མཆེད་པ། སྤྲིན་དང་ན་བུན། འཇའ་གུར་གྱིས་ནམ་མཁའ་སྤུད་པའི་ས་ཡི་དགེ་བཅུད་ཡོངས་སུ་འཛོམས་པའི་གནས་མཆོག་ཅིག་ཡིན། གནས་འདིར་གནས་པའི་སྐྱེ་བོ་ཀུན་ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བ། བྱ་བའི་འཇུག་ལྡོག་ལ་མཁས་པ། རྒན་པ་རྣམས་གཞོན་ལ་གཅེས་ཤིང་གཞོན་པ་རྣམས་རྒན་ལ་བཀུར།  

        དུས་ཀྱི་བགྲོད་པ་ཉེར་གཅིག་པར་ཡུལ་ཕྱོགས་འདིར་ཕྱུགས་ལས་གཉེར་མཁན་ཤིན་ཏུ་ཉུང་ཞིང་།  ཁོ་ཚོའི་བུ་རབས་ཚ་རྒྱུད་རྣམས་འདུ་འཛི་སྐྱེན་པའི་གྲོང་ཁྱེར་སོགས་སུ་སློབ་གྲྭ་དང་བྱ་བ་སྒྲུབ་ཏུ་སོང་བས།  མི་རབས་རྒན་པ་དག་རྫོགས་ཚེ་ཕ་མེས་ནས་བརྒྱུད་པའི་ཕྱུགས་ལས་དང་འབྲེལ་བའི་རིག་གནས་མང་པོ་ཞིག་གོ་མེད་ཚོར་མེད་ཀྱིས་ཉམས་འགྲོ་བ་ཆོས་ཉིད་རེད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།