ངའི་རྒྱང་རིང་གི་སྙིང་ཉེ།

རྩོམ་པ་པོ།   དུས་ཚོད།   2020-02-21   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ལོ་ཟླ་ལ་མཇུག་རྫོགས་པའི་ཨ་ལན་མེད་ཀྱང་།

གལ་ཏེ། ཁྱོད་ཉིད་དུས་ཚོད་ཐུང་ཐུང་གི་ནང་ལ།

མེ་ཏོག་གི་འདབ་མ་ཚང་བ་བཞིན་སངས་དྲག་ཏུ་མ་སོང་ན།

ངའི་རྨི་ལམ་གྱི་ཆ་ཤས་རེ་རེ་ཟད་ཀྱིན་འདུག

ངའི་བརྩེ་དུངས་ཀྱི་འཛུམ་མདངས་མ་ལུས་རྒས་ཀྱིན་འདུག

ལམ་རིང་མོ་འདི་མ་འོངས་པའི་དམ་བཅའ་མིན་རུང་།

འུ་ཚོས་ལྷན་གཅིག་ཏུ་ཁ་སང་དང་དེ་རིང་མེད་པར།

ཉིན་མཚན་གྱི་སྐོར་མཚམས་རིང་མོ་གཅིག་ཏུ་དྲིལ་ནས།

དགུན་ཟླའི་ན་ཟུག་བསྲན་ནས་དབྱར་ལ་རེ་ལྟོས་ཆེ་དོན།

ཡོད་ཚད་ལ་བདེ་སྐྱིད་འཐོབ་དགོས་པའི་དམིགས་ཡུལ་ལོས་ཡིན།

ཁྱོད་ཀྱིས། སྔར་ལྟར་མགོ་བོ་དགྱེ་དང་།

སྔོ་ཡུག་ཡུག་གི་ནམ་མཁའ་འདི་སྐྱི་གཡའ་བ་ཞིག་མ་རེད།

ཁོད་ཡངས་པའི་ས་གཞི་ཡང་འཇིགས་ཡེར་བ་ཞིག་ཡེ་ནས་མིན་པས།

མུ་མཐུད་དུ་མཆི་མ་མ་གཏོང་བར་བློ་སྤོབས་སྐྱེད་ཅིག

ངའི་རྒྱང་རིང་གི་སྤུན་མཆེད་ལགས།

ངའི་ཡིད་སེམས་ཀྱི་སྙིང་ཉེ་ལགས།

ཁྱོད་ལ་ན་ཟུག་མེད་ན་ང་ལ་སྡུག་བསྔལ་ཞིག་གང་ན་ཡོད།

དུས་ཚོད་ལ་ངང་གིས་རེག་ན།

ད་དུང་། འུ་ཅག་ཁ་ཁར་གྱེས་དགོས་པའི།

དུས་དང་ལས་ལ་བབས་མི་འདུག་པས།

ཁྱོད་ལ་ཁེར་རྐྱང་གི་སུན་སྣང་ཤིན་ཏུ་ཆེ་དུས།

ངའི་བརྩེ་གཏམ་གྱི་མཛེས་སྡུག་ཁྱོད་ལ་བསྐུར་ཡོང་།

ཁྱོད་ལ་ཤི་གསོན་གྱི་གདུང་བ་ཧ་ཅང་ལྕི་ན།

ངའི་མཐའ་མཇུག་གི་སྨོན་ལམ་ཡང་ཁྱོད་ཁོ་ནར་དབང་ཆོག


རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།