ངའི་རྨི་ལམ་དུ་ཁྱོད་རང་དབྱར་ཁ་ཡིན།

རྩོམ་པ་པོ།   དུས་ཚོད།   2020-02-21   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ཉིན་འདི་གར། ངས་རྣ་བ་བླགས་ནས་ཁྱོད་ལ་ཉན་ཡོད།

ཉིན་འདི་གར། ངས་མིག་ཟུང་ཅེར་ནས་ཁྱོད་ལ་བལྟས་ཡོད།

ཅུང་ཙམ་ཐག་རིང་དུ་ཡོད་པ་ལྟ་བུའི།

མདོར་ན་ཉེ་འགྲམ་ན་འཚོ་ཞིང་གནས་པའི།

དྲན་བཞིན་པའི་ཁྱོད།

ངའི་རྨི་ལམ་དུ་ཁྱོད་རང་དབྱར་ཁ་ཡིན།

ཁྱོད་ནི་དཔུང་བ་སྦོམ་པའི་གནའ་མྱི་རྒན་པོ་ཞིག

ཁྱོད་ནི་རྩེ་མོ་རྒྱས་པའི་ཙན་དན་ལོ་མ་ཞིག

ད་ལྟ་རླུང་བུ་འཁྱམ་པོ་ཞིག་གིས།

ཁྱོད་ཀྱི་བྲང་ཁར་སྡེར་བགྲད་བྱས་ཀྱང་།

ཁྱོད་ནི་དག་ཞིང་གི་ལྷ་ཚོགས་ཡིན་པས།

འཇིག་པ་ཀུན་ལས་གཏན་དུ་རྒྱལ་བའི་གདེང་ཚོད་ཡོད་ངེས།

ཉིན་འདི་གར་ཁྱོད་ཀྱི་ངོ་གདོང་ཁོ་ན་བཀླགས་པ་ཡིན།

ཁྱོད་ཀྱི་ནད་ཀྱི་འཕར་གྲངས་རེ་རེ་ནི།

བདག་གི་སྙིང་གི་འཕར་ལྡིང་རེ་རེ་ཡིན།

དེ་ནི་སྐྱིད་དུས་དགོད་སྒྲ་གཅིག་ཏུ་མེད་ཀྱང་།

སྡུག་དུས་ང་ཚོ་མཉམ་དུ་ཡོད་པའི་ཟུངས་ཁྲག་གི་སྦྲེལ་ཐག་ཡིན།

ངའི་རྨི་ལམ་དུ་ཁྱོད་རང་དབྱར་ཁ་ཡིན།

རྟ་རྒོད་ཀྱི་རྔོག་ཆུང་ལྡེམ་པའི་དབྱར་ཁ་ཡིན།

འབྲི་གཡག་གི་རྭ་རྩེད་བྱེད་པའི་དབྱར་ཁ་ཡིན།

ད་ལྟ་བདག་གིས་ཁྱོད་ཀྱི་དབྱར་ཟླ་ཚེས་པར་བསྒུག་ཡོད།

སང་ཉིན་ཁ་པར་གྱི་འཕྲིན་ལམ་ནས།

ངས་ཁྱོད་ཀྱི་འཛུམ་མདངས་མཐོང་འདོད། དགོད་སྒྲ་མཐོང་འདོད།

ཞེན་ཆགས་སྟོང་གི་བང་རིམ་ན་བཞུགས་པའི་རྟའུ་ཀྱེ།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།