མཛོད་དགེའི་འཕྲུལ་རྟའི་སྒྲོག་འགྲེལ་རུ་ཁག་གིས་རིམས་འགོག་ལས་ལ་འབད།

རྩོམ་པ་པོ།   གསང་བདག་སྒྲོལ་མ། དུས་ཚོད།   2020-02-21   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          ཏོག་གསར་གློ་ཚད་བྱུང་རྗེས། མཛོད་དགེ་རྫོང་དུ་འཕྲུལ་རྟའི་སྒྲོག་འགྲེལ་རུ་ཁག་གྲོང་སྡེ་དང་ཁྱིམ་ཚང་རེ་རེར་བསྐྱོད་དེ་རོང་འབྲོག་མང་ཚོགས་ལ་རིམས་འགོག་གི་ཤེས་བྱ་སྒྲོག་འགྲེལ་བྱས་ནས་རིམས་འགོག་གི་ལས་སུ་ཞུགས།

          ཞོགས་པར། དཔལ་སྐྱིད་གྲོང་རྡལ་བན་ཡུལ་གྲོང་སྡེའི་གྲོང་མིའི་བྱེད་སྒོ་ཁང་གི་མདུན་དུ། དཔུང་རྟགས་དམར་པོའི་བོད་ལྭ་གྱོན་པའི་འཕྲུལ་རྟའི་སྒྲོག་འགྲེལ་རུ་མིས་དྲིལ་སྒྲོག་ཡིག་ཆ་བཟུང་ནས་ཐག་རིང་གི་འབྲོག་ཁྱིམ་དུ་རིམས་འགོག་ཤེས་བྱ་སྒྲོག་འགྲེལ་ལ་འགྲོ་བ་གྲ་སྒྲིག་བྱེད་བཞིན་འདུག

           དཔལ་སྐྱིད་གྲོང་རྡལ་ནི་རོང་མ་འབྲོག་གི་ས་ཆ་ཡིན་པ་དང་། ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་འབྲོག་པ་མང་ཚོགས་ཀྱི་སྡོད་གནས་ཁ་ཐོར་ཡིན་པས་ཐག་རིང་འབྲོག་ཁུལ་གྱི་འབྲོག་པ་མང་ཚོགས་ཚོས་ཏོག་གསར་གློ་ཚད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་དུས་ཐོག་ཏུ་ཤེས་རྟོགས་བྱེད་པའི་ཕྱིར། ཁོས་འཕྲུལ་རྟ་ཞོན་ནས། ཛ་དྲག་གི་རིམས་ནད་འདིའི་མདུན་དུ་བན་ཡུལ་གྲོང་སྡེའི་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་ཀྱིས་སྒྲོག་འགྲེལ་རུ་མི་ཁྲིད་དེ་དཀའ་ངལ་ལ་མ་འཛེམས་པར་ཐག་རིང་གི་འབྲོག་སར་བསྐྱོད་དེ་རིམས་འགོག་གི་ཤེས་བྱ་སྒྲོག་འགྲེལ་བྱས།

            མཛོད་དགེ་རྫོང་དཔལ་སྐྱིད་གྲོང་རྡལ་བན་ཡུལ་གྲོང་སྡེའི་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་ཀྱིས། འཕྲུལ་རྟའི་སྒྲོག་འགྲེལ་རུ་ཁག་འདིས་གཙོ་བོ་འབྲོག་ཁུལ་དང་རང་ཁྱིམ་དུ་སྡོད་པའི་མང་ཚོགས་ལ་ཐེངས་འདིའི་རིམས་ནད་སྔོན་འགོག་གི་སྒྲོག་འགྲེལ་བྱས་པར་ཕན་འབྲས་ཀྱང་ཧ་ཅང་ཡག་པོ་ཡོད་ཅེས་བཤད།

            བཀྲ་ཤིས་ཀྱིས་གསར་འགོད་པར། འཕྲུལ་རྟའི་སྒྲོག་འགྲེལ་རུ་ཁག་འདི་2015ལོར་བཙུགས་པ་ནས་བཟུང་། དྲིལ་སྒྲོག་ལས་དོན་རྒྱུན་ཆད་མེད་པར་སྤེལ་བ་ཡིན། ད་ཐེངས་ཏོག་གསར་གློ་ཚད་བྱུང་རྗེས། ཁོ་ཚོས་དྲིལ་སྒྲོག་ཡིག་ཆ་སྣ་ཚོགས་བསྡུ་རུབ་བྱས་ནས་ཁྱིམ་ཚང་རེ་རེ་བཞིན་སྒྲོག་འགྲེལ་བྱས་པས་རོང་འབྲོག་མང་ཚོགས་ཀྱི་རིམས་འགོག་འདུ་ཤེས་མཐོར་འདེགས་བཏང་ཡོད་ཅེས་བཤད་དོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།