འཛམ་ཐང་རྫོང་གིས་ཚོང་རའི་མཁོ་སྤྲོད་བདེ་བླག་དང་གོ་རིམ་ལྡན་པར་ཁག་ཐེག་བྱས་པ།

རྩོམ་པ་པོ།   འཇམ་དབྱངས་བློ་གྲོས།དུས་ཚོད།   2020-02-21   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            ཟླ་2ཚེས་14ཉིན་ལ།གསར་འགོད་པས་སྔོ་ཚལ་གླང་རྔ་དང་ཚོད་དཀར། སྒོག་པ་སོགས་དང་། དེ་མིན་ཤིང་ཏོག་ཀུ་ཤུ་དང་ངང་ལག་སོགས་རླངས་འཁོར་གང་བཞག་ཡོད་པ་དེ་འཛམ་ཐང་རྫོང་གི་སྣ་འཛོམས་ཚོང་རའི་སྒོ་ཁར་བསྡད་དེ། སྒེར་ཚོང་པ་རྣམས་ཀྱིས་ཁ་རས་གྱོན་ནས་བྲེལ་འཚུབ་ཀྱིས་སྔོ་ཚལ་དང་ཤིང་ཏོག་དེ་དག་མར་ཕོགས་ནས་ཚོང་རར་བཤམ་བཞིན་ཡོད་པ་མཐོང་།

           བསྟུད་མར་ཉིན་དུ་མའི་རིང་ལ། འཛམ་ཐང་རྫོང་གིས་ཐག་ཉེ་སའམ་ས་གནས་དེ་གར་ཉོ་བ་དང་། བཀོད་སྒྲིག་གཅིག་གྱུར་སོགས་ཀྱི་བྱེད་ཐབས་སྤྱད་དེ། རིམས་ནད་མཆེད་པའི་སྐབས་སུ་ཚོང་རར་སྔོ་ཚལ་དང་ཤིང་ཏོག་སོགས་འདོན་སྤྲོད་འདང་ངེས་ཡོད་པར་ཁག་ཐེག་བྱས། དེ་དང་དུས་མཚུངས་སུ།རྫོང་དེའི་ཚོང་རའི་ལྟ་སྐུལ་དོ་དམ་ཅུས་སོགས་རྩ་འཛུགས་བྱས་ནས།རྫོང་ཡོངས་ཀྱི་ཚོང་རའི་ཚོང་རྫས་རིན་གོང་ལ་ལྟ་སྐུལ་དང་སྐོར་བཤེར་བྱས་པ་དང་། སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་སྐྱེལ་འདྲེན་རླངས་འཁོར་ཤར་གཏོང་བགྲོད་ལམ་གྱི་སྒོ་ཕྱེས། རྫོང་དེས་ད་དུང་ཉིན་བཞིན་ལྟ་བཤེར་གྱི་ལས་ཀའི་ལམ་ལུགས་བཟོས་ཏེ། མྱུར་དུ་ཚོང་རྫས་དང་དངོས་རྫས་ཐོན་སྐྱེད་དང་འཚོང་བ། གསོག་འཇོག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་ཁོང་དུ་ལེགས་པོར་ཆུད་ནས། ནུས་ཤུགས་ཡོད་དགུས་ཚོང་རར་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་དངོས་རྫས་འདོན་སྤྲོད་བརྟན་པོར་བྱས།

           རྫོང་ཚོང་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་འགན་ཁུར་བས་རང་རྫོང་གི་ཚོང་རའི་དོ་དམ་སྡེ་ཁག་གིས་སྡེ་ཁག་གཞན་པ་མང་བོ་དང་མཉམ་དུ་རྫོང་ཡོངས་ཀྱི་དངོས་རྫས་ལ་རྩིས་བཤེར་བྱས་ཏེ། ད་ལྟ་འབྲུ་རིགས་དང་སྣུམ། སྔོ་ཚལ་སོགས་འདོན་སྤྲོད་འདང་ངེས་བྱས་ཡོད་ཅེས་བཤད་བྱུང་།

           རིམས་ནད་བྱུང་བ་ནས་བཟུང་། འཛམ་ཐང་རྫོང་གིས་ནུས་ཤུགས་ཡོད་དགུས་མང་ཚོགས་ཀྱི་དགོས་མཁོ་ཆེ་བའི་འཚོ་བའི་དངོས་རྫས་ཚོང་རར་འདོན་སྤྲོད་འདང་ངེས་ཡོད་པར་ཁག་ཐེག་བྱས་ཏེ། མང་ཚོགས་ཀྱི་འབྲུ་སྣུམ་ཚལ་གསུམ་འདང་ངེས་ཡོད་པར་འགན་སྲུང་བྱས།ད་ལྟ་རྫོང་དེའི་ཚོང་རར་གང་འདོད་ཀྱིས་རིན་གོང་འཕར་བ་དང་མང་ཚོགས་ཀྱིས་ཚོང་རྫས་འཕྲོག་པ། ཚོང་རྫས་ཆད་པའི་རྣམ་པ་གཅིག་ཀྱང་མེད་དོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།