ཏང་ལ་ཞུགས་པའི་དམ་བཅའ་མངོན་སུམ་མཚོན།

​མའོ་རྫོང་ཧྥེང་དབྱི་གྲོང་རྡལ་ནེའུ་ནན་སྡེ་ཁུལ་གྱི་ཏང་ཡོན་ཀྲོའུ་ལིའང་གིས་རིམས་ནད་སྔོན་འགོག་བྱས་ཚུལ་རགས་བཀོད།

རྩོམ་པ་པོ།   རིག་ལྡན།དུས་ཚོད།   2020-02-21   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            གནད་འགག་གི་དུས་སྐབས་ཤིག་ལ་ཐོན་དུས་ང་ཚོའི་ཏང་ཡོན་ཞིག་ལ་མཚོན་ན་འགན་སེམས་དང་ལས་རྐང་སྲུང་མིན་ཉམས་ཚོད་ལེན་པའི་དུས་སྐབས་ལ་ཐོན་ཡོད་ཅེས་མའོ་རྫོང་ཧྥེང་དབྱི་གྲོང་རྡལ་ནེའུ་ནན་སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་གི་དྲྭ་རྒྱ་དོ་དམ་པ་ཀྲོའུ་ལིའང་གིས་དེ་ལྟར་བཤད་ཅིང་། ལག་ལེན་ནས་ཀྱང་དེ་ལྟར་སྒྲུབ་བཞིན་ཡོད་པས་ཁྱིམ་ཚང་རེ་རེ་བཞིན་དུ་དྲིལ་སྒྲོག་བྱས་པ་དང་། བསྟུད་མར་ཉིན་བཅུ་དྲུག་རིང་ལ་དཀའ་ངལ་ལ་མ་འཛེམས་པར་ལས་སྒྲུབ་ནན་པོ་བྱས་ཏེ་རིམས་ནད་སྔོན་འགོག་གི་དྲིལ་སྒྲོག་ལས་རྐང་བསྲུངས།

         ཏང་ཡོན་གཅིག་ནི་དར་ཆ་གཅིག་ཡིན་པ་མཚོན།

          ལོ་སར་གྱི་དགའ་སྤྲོའི་དུས་སྟོན་འདི་རོལ་བཞིན་པའི་དུས་དེ་ལ་ཧྥེང་དབྱི་གྲོང་རྡལ་ནེའུ་ནན་སྡེ་ཁུལ་དུ་ཛ་དྲག་ཆེ་བའི་ཏང་ཀྲི་པུའུ་ཨུ་ཡོན་གྱི་རྒྱས་འཛོམས་གྲོས་ཚོགས་ཤིག་འཚོགས། ཀྲི་པུའུ་ཧྲུའུ་ཅི་ལིའུ་པིན་གྱིས་རྣམ་འགྱུར་ཅུང་ནན་པོ་ཡིན་པའི་སྒོ་ནས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ནི་རྒྱལ་ཡོངས་སུ་རིམ་གྱིས་མཆེད་ཀྱིན་ཡོད་པས་རིམས་ནད་སྔོན་འགོག་གི་ལས་འདི་དུས་ཚོད་སྐར་ཆ་གཅིག་ཀྱང་ནར་འགྱངས་མི་རུང་། སྡེ་ཁུལ་གྱི་ཏང་ཡོན་ལས་བྱེད་པས་རང་མོས་སྒོས་ངལ་བ་ཁྱད་དུ་བསད་ཅིང་ལས་འགན་ཕྲག་ཏུ་བླངས་ཏེ་རིམས་ནད་སྔོན་འགོག་གི་གཡུལ་སར་ཞུགས་དགོས་ཞེས་བཤད་སྐབས། ཀྲོའུ་ལིའང་གིས་ཐོག་མར་ལག་པ་བཀྱགས་ནས་མིང་ཐོ་བཀོད་ཅིང་། འཚོགས་འདུ་གྲོལ་མ་ཐག་ཏུ་དང་ལེན་པ་གཞན་པ་རྣམས་དང་མཉམ་དུ་རིམས་འགོག་ལས་རྐང་གི་གཡུལ་སར་ཞུགས།

ཏང་ཡོན་ནི་དར་ཆ་གཅིག་ཡིན་པས་ཧ་ཅང་གནད་འགག་གི་དུས་ལ་ཐོན་ན་ང་ཚོ་ངེས་པར་དུ་མདུན་ལ་མཆོང་རྒྱུག་བྱས་ཏེ་མང་ཚོགས་ཀྱིས་ཏང་གི་ཐུགས་ཁུར་དང་གཅེས་སེམས་ཚོར་དུ་འཇུག་དགོས། ཞེས་ཀྲོའུ་ལིའང་གིས་སྡེ་ཁུལ་རིམས་ནད་སྔོན་འགོག་ཚན་ཆུང་ལ་ཁ་རས་ཧ་ཅང་དཀོན་པའི་དཀའ་ངལ་ཤེས་སྐབས། ཁོས་ནམ་རྒྱུན་ལས་ཁུངས་ཀྱིས་སྟེར་ནས་བེད་སྤྱོད་མ་བྲ་བའི་ཁ་རས་དྲུག་ཅུ་རང་མོས་སྒོས་ཁྱེར་ཡོང་ནས་རིན་པ་མ་བླངས་པར་སྡེ་ཁུལ་ལ་སྟེར། མང་ཚོགས་ཀྱི་རིམས་འགོག་འདུ་ཤེས་ཇེ་གསལ་ཇེ་མཐོར་གཏོང་ཆེད། ཁོས་དཀའ་ངལ་དང་སྐྱར་སྒྲོག་གི་ངལ་བར་མ་འཛེམས་པར་ཡང་ནས་བསྐྱར་དུ་རིམས་འགོག་གི་ཤེས་བྱ་དྲིལ་སྒྲོག་བྱས་པ་དང་། གྲོང་སྡོད་ལས་བྱེད་པ་ལ་ལག་རོགས་བྱས་ཏེ། སྡེ་ཁུལ་ཀྲི་པུའུ་ཡིས་LEDབརྙན་འཕྲིན་དང་། བདེ་ཐང་དྲིལ་སྒྲོག་པང་ཡིག སྐད་འཕྲིན། འཕྲིན་ཐུང་། ཁ་པར། སྦྱར་ཡིག དྲིལ་སྒྲོག་ཡིག་ཆ་ལ་སོགས་པའི་རྣམ་པ་འདྲ་མིན་གྱི་དྲིལ་སྒྲོག་བྱེད་སྒོ་སྤེལ་ཅིང་། སྡེ་ཁུལ་ནང་དུ་རིམས་འགོག་དྲིལ་སྒྲོག་གི་དཔྱད་ཡིག་དང་ཚན་རྩལ་ཁྱབ་གདལ་གྱི་དཔྱད་གཞིའི་ཡིག་ཆ་ཆིག་སྟོང་ལྔ་བརྒྱ་ལྷག་བཀྲམ།

ང་ཡོང་ཞེས་པའི་ཚིག་ལས་ཏང་ཡོན་གྱི་རྣམ་པ་མངོན།

         ནེའུ་ནན་སྡེ་ཁུལ་ནི་མངའ་ཁོངས་ཡངས་ཤིང་རྒྱ་ཆེ་བ་དང་། གཅིག་གྱུར་གྱི་དངོས་ཟོག་དོ་དམ་བྱ་མཁན་མེད་ཅིང་མི་སྣ་ཧ་ཅང་མང་བོ་འཛོམས་པའི་སྡེ་ཁུལ་ཆེན་པོ་ཞིག་ཡིན། ཁང་བ་གླ་མཁན་ཁོ་ན་ལ་བརྩིས་ན་ཡང་ཕལ་ཆེར་མི་སུམ་སྟོང་ལྷག་ཡོད་པའི་ཁར། ལོ་སར་གྱི་དུས་སྟོན་འདི་དང་བསྟུན་ཏེ་མི་སྣ་ལྷན་འཛོམས་བྱ་མཁན་དེ་བས་ཀྱང་མང་། གནས་ཚུལ་དེ་འདྲ་རྙོག་འཛིང་ཆེ་ཡང་ཀྲོའུ་ལིའང་གིས་ཀྲི་པུའུ་ཧྲུའུ་ཅི་ལིའུ་པིན་ལ་སྡེ་ཁུལ་གྱི་དྲིལ་སྒྲོག་ལས་འགན་དང་ལེན་བྱ་འདོད་པར་ཞུས་ཏེ་ཁྱིམ་ཚང་རེ་རེ་བཞིན་དུ་སོང་ནས་རིམས་འགོག་གི་ཤེས་བྱ་དྲིལ་སྒྲོག་བྱས།

          ཉིན་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ། ཁོས་སྔོན་འགོག་རིམ་བཤེར་གྱི་ལས་འགན་དེ་ཁྱིམ་གཅིག་དང་མི་གཅིག་ཀྱང་མི་ལུས་པའི་ཆེད་དུ། ཁྱིམ་ཚང་རེ་རེར་སོང་སྟེ། མི་རེ་རེར་བར་ཐག་མེད་པར་ཕྱི་རོལ་ནས་ཡོང་མཁན་ཐོ་འགོད་དང་། རིམས་འགོག་ཤེས་བྱ་དྲིལ་སྒྲོག ལུས་ཀྱི་དྲོད་ཚད་ཟིན་བྲིས་སུ་ཐོ་འགོད་བྱེད་པ་དང་ཆབས་ཅིག སྡོད་དམངས་ལ་དཀྲོག་གཏམ་མི་སྨྲ་བ་དང་། དཀྲོག་གཏམ་ལ་ཡིད་མི་ཆེས་པ། སྟོབས་འབྱོར་ལྡན་པའི་ང་ཚོའི་རྒྱལ་ཁབ་ཀྱིས་རིམས་ནད་སྔོན་འགོག་གི་གཡུལ་འགྱེད་ལས་རྒྱལ་ཁ་ལེན་ཐུབ་པ་ཡིད་ཆེས་བརྟན་པོ་འཆང་དགོས་པ་སོགས་དྲིལ་སྒྲོག་བྱས་པས་མང་ཚོགས་ཀྱི་བསམ་པ་བརྟན་པོར་བཏང་།

           རིམ་བཤེར་བྱེད་སྐབས་ད་དུང་ཁྱིམ་ཚང་དོན་གཅིག་གི་ཁྱིམ་ལ་མི་མེད་པ་ཐུག་སྐབས། ཁོས་སྡེ་ཁུལ་དོ་དམ་ཁང་ནས་མིང་ཐོ་ཡི་གེ་བླངས་ཏེ་རིམས་ནད་སྔོན་འགོག་གི་ཡིད་འཇོག་ཤེས་བྱ་ཐད་ཀྱི་དོན་ཚན་རེ་རེ་ཁ་པར་དང་འཕྲིན་ཐུང་བརྒྱུད་དེ། རེ་རེ་བཞིན་དུ་དྲིལ་སྒྲོག་བྱས་ཏེ་ཁྱིམ་ཚང་གཅིག་དང་མི་སྣ་གཅིག་ཀྱང་མ་ལུས་པར་བྱས། དེ་དང་ཆབས་ཅིག་ཏུ་སྡེ་ཁུལ་ནང་དུ་ཚོང་ཁང་ཕྱེ་མཁན་མང་བ་དང་ལོ་སར་སྐབས་སུ་མི་སྣ་མང་བོ་འཛོམས་འདུག་པའི་གནས་ཚུལ་ལ་དམིགས་ནས། དྲིལ་སྒྲོག་དཔྱད་ཡིག་སྟེར་བ་དང་དམངས་ཀྱི་རང་ངོས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཁོ་ན་འཛིན་པ་ལས་མི་འདང་བ་སྙམ་སྟེ། ཚོང་ཁང་རེ་རེར་སོང་སྟེ་ཚོང་བདག་ལ་ཁ་རས་གྱོན་དགོས་པ་དང་དུག་སེལ་ནན་པོ་བྱེད་དགོས་པ་ནན་བཤད་བྱས་པར་མ་ཟད། རེ་རེ་བཞིན་དུ་ལུས་ཀྱི་དྲོད་ཚད་འཇལ། མིག་སྔའི་བར་དུ་ཀྲོའུ་ལིའང་དང་ཁོའི་ལས་རོགས་རྣམས་ཀྱིས་སྡེ་ཁུལ་ཡོངས་ཀྱི་ཁྱིམ་ཚང་937དང་མི་སྣ་2778ལ་ཞིབ་དཔྱད་བྱས། དེ་ལས་ཧུའུ་པའེ་ནས་ཡོང་མཁན་མི་7ཡོད་པ་དང་གཞན་པའི་ཞིང་ཆེན་ནས་ཡོང་མཁན་མི་34ཡོད། ཕྲ་ཞིང་ཞིབ་པའི་གྲངས་ཀ་ཕྱོགས་སྡོམ་དང་གཟབ་ཅིང་ནན་པའི་རིམས་ནད་སྔོན་འགོག་གི་བྱེད་ཐབས་དེར་སྡེ་ཁུལ་མང་ཚོགས་ཀྱིས་སེམས་ཁྲལ་དབང་མེད་སྒོས་འཇགས་པར་བཅུག་ཅིང་བརྟན་པོའི་ངང་ནས་འཚོ་བ་རོལ་ཐུབ་བྱུང་།

           རིམས་ནད་ནི་བཀའ་རྒྱ་དང་སྔོན་འགོག་ནི་ལས་འགན་ཡིན། སྡེ་ཁུལ་གྱི་ཀྲི་པུའུ་ཨུ་ཡོན་ཡིན་པའི་ཀྲོའུ་ལིའང་གི་སེམས་ལ་རིམས་ནད་སྔོན་འགོག་གི་ལས་སྒྲུབ་འདི་ལྟར་ཛ་དྲག་ཆེ་བའི་སྐབས་སུ། ཏང་ཡོན་ཞིག་ལ་མཚོན་ན་ངེས་པར་མདུན་གྲས་སུ་ལངས་ཏེ། ཉིན་ཧྲིལ་བོར་སྔོན་འགོག་གི་ཆེད་དུ་ཁ་ལ་ཟས་མ་རེག་པ་དང་ངལ་གསོ་བྱེད་ཁོམ་མེད་ཀྱང་། སྡེ་ཁུལ་སྡོད་དམངས་ཀྱིས་ཏང་རྩ་འཛུགས་གམ་ལ་ཡོད་པ་དང་ཏང་ཡོན་གམ་ལ་ཡོད་པའི་ཚོར་སྣང་སྐྱེད་པར་བཅུག་སྟེ་ངལ་དུབ་གང་མང་མྱོང་ཡང་རིན་ཐང་ལྡན་པར་སྙམ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།