​ཞིང་ལས་ལག་རྩལ་པས་ལོ་ཏོག་འདེབས་པར་མཛུབ་ཁྲིད་བྱས།

རྩོམ་པ་པོ།   གྲགས་པ་བསྟན་འཛིན།དུས་ཚོད།   2020-02-20   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         ཟླ་2ཚེས་18ཉིན། འཛམ་ཐང་རྫོང་དར་ཁུག་ཡུལ་ཚོའི་རྡོར་རྣམ་སྔ་མོ་མལ་ལས་ལངས་ཏེ་ཞིང་ལས་ལ་བྲེལ་མགོ་བརྩམས། ཕ་རྡོར་རྣམ་གྱིས་ལྕགས་དྲྭ་བཟོ་བཞིན་ཡོད་པ་དང་། བུ་ཆུང་བུས་ཞིང་ནང་གི་རྡོ་རྒུམ་པ་དང་། བུ་ཆེ་བས་འཇོར་གྱིས་ས་ཁོད་སྙོམས་བཞིན་འདུག རྡོར་རྣམ་གྱིས།  ལས་དོན་མི་སྣས་ང་ཚོར་ཚན་རིག་དང་མཐུན་ཞིང་བདེ་འཇགས་ངང་རྨོ་འདེབས་ཀྱི་གྲ་སྒྲིག་ལས་དོན་ལ་སྐུལ་མ་བཏང་།  ད་ལོའི་ལས་མགོ་འཛུགས་རྒྱུ་ཅུང་སྔ་བས། ནས་དང་ཀེ་ཚེ་མང་ཙམ་འདེབས་རྒྱུའི་དུས་ཚོད་འདང་ངེས་ཡོད།  ཅེས་གསར་འགོད་པར་བཤད།

        དཔྱིད་དུས་ནི་རྩྭ་རྩི་ཤིང་ཐམས་ཅད་ལ་གསོན་ཤུགས་རྒྱས་པའི་དུས་ཡིན། རིམས་ནད་སྔོན་འགོག་ཚོད་འཛིན་དང་ལོ་ཏོག་འདེབས་འཛུགས་ལ་འཐུས་ཤོར་མི་འགྲོ་བའི་འགན་ལེན་བྱ་ཆེད། རྫོང་གིས་མངགས་པའི་ཞིང་ལས་ལག་རྩལ་པ་ཀྲོའུ་ཀུའེ་ལན་གྱིས་དུད་ཚང་རེ་རེ་བཞིན་ལྟ་ཞིབ་བྱས་ནས་རྨོད་འདེབས་ཁྲོད་མང་ཚོགས་ལ་འཕྲད་པའི་དཀའ་ཁག་ཐག་གིས་བཅད། 

       རྒྱུས་ལོན་པ་ལྟར་ན། འཛམ་ཐང་རྫོང་གིས་མིག་སྔར་གྲོང་ཚོར་བཅའ་སྡོད་ཞིང་ལས་ལག་རྩལ་པ་50ལྷག་གིས་གྲོང་ཚོ་ཁག་ཏུ་རོང་འབྲོག་མང་ཚོགས་ལ་ཚན་རིག་དང་མཐུན་པའི་རྨོ་འདེབས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་བྱེད་པ་དང་། ཞིང་ལས་ལག་རྩལ་པ་ཞིང་ནང་དུ་བསྐྱོད་དེ་དུད་ཚང་རེ་རེ་བཞིན་གསོ་སྦྱོང་དང་མཛུབ་ཁྲིད་བྱས་པར་བརྟེན། དེ་སྔའི་རོང་འབྲོག་གི་མཚན་མོའི་སློབ་གྲྭ་དང་གྲོང་མིའི་ཚོགས་ཆེན་སོགས་མཉམ་སྡེབ་རང་བཞིན་གྱི་གསོ་སྦྱོང་མེད་པ་བཟོས་པ་རེད།  

      དར་ཁུག་ཡུལ་ཚོའི་གྲོང་ཚོ་ཁག་ཏུ་སྐྱོད་སྐབས་རོང་འབྲོག་མང་ཚོགས་སྔོན་གྱི་རྣམ་པ་དང་མི་འདྲ་བར་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་དགོས་པའི་རྐྱེན་གྱིས་ཚང་མས་ཁ་རས་གྱོན་ནས་ཞིང་ལས་ལ་བྲེལ།      

      གསར་འགོད་པས་འཛམ་ཐང་རྫོང་ཚན་རྩལ་ཞིང་ལས་ཅུས་ནས་རྒྱུས་ལོན་པ་ལྟར་ན། འཛམ་ཐང་རྫོང་གིས་ཞོག་ཁོག་ཏུན་600དང་། ནས་ཏུན་160། ཀེ་ཚེ་རྒྱ་མ་4000སོགས་ཀྱི་ས་བོན་དང་རྫས་ལུད་ཏུན་91.5ཉོས་ནས། ཁྱིམ་ཚང་སོ་སོའི་སྒོ་ཁར་བསྐྱལ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས་སུ་ཞིང་ལས་རྒྱུ་ཆའང་འདང་ངེས་འགན་ལེན་བྱས་སོ།།       

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།