ཁུལ་ཏོག་གསར་མཁོ་བསྟུན་བཀོད་འདོམས་པུའུ་ཡིས་གྲོས་ཚོགས་ཐེངས6པ་འཚོགས།

རྩོམ་པ་པོ།   རྡོ་རྗེ་དཔལ། དུས་ཚོད།   2020-02-20   རྩོམ་ཁུངས།    རྔ་བའི་གགསར་འགྱུར་དྲ་བ།

       ཟླ་2ཚེས་18ཉིན། ཁུལ་ཏོག་གསར་གློ་ཚད་ཀྱི་མཁོ་བསྟུན་བཀོད་འདོམས་པུའུ་ཡིས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ། ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་འབྲེལ་ཡོད་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱས་ཤིང་། མིག་སྔར་རང་ཁུལ་གྱི་རིམས་འགོག་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་ལ་དབྱེ་ཞིབ་བྱས་པར་མ་ཟད། རྗེས་ཕྱོགས་ཀྱི་ལས་དོན་ཡང་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། ཁུལ་ཏོག་གསར་གློ་ཚད་མཁོ་བསྟུན་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་དབྱང་ཁེ་ཉིང་གིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས།

      ཁུལ་ཨུའི་རྒྱུན་ཨུ། རྒྱུན་ལས་ཁུལ་དཔོན་གཞོན་པ་ལིའུ་པའོ་ཐའོ་དང་། ཁུལ་དཔོན་གཞོན་པ་ཚའེ་ཆིང་ལི་དང་ཐའོ་ཅན་ཧྥུང་། ཏེང་མིང་ཀྲུང་། ཝང་ཧྲུའུ་མིང་། ཁུལ་སྲིད་གཞུང་གི་དྲུང་ཆེན་ཡུས་ཀོང་ཡ་བཅས་གྲོས་ཚོགས་སུ་ཞུགས་ཡོད།

      གྲོས་ཚོགས་ལས་དབྱང་ཁེ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་རིམས་འགོག་ལས་དོན་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ལས་རིམས་འགོག་ལ་བརྩོན་པའི་དུས་མཚུངས་སུ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་སོ་སོར་དོ་སྣང་བྱེད་དགོས་ཞེས་བསྟན་ཡོད་ལ། ཉེ་སྔོན། རང་རེའི་ཞིང་ཆེན་གྱིས《ཏོག་གསར་གློ་ཚད་ལ་ཁ་གཏད་འཇལ་བའི་ཁག་བགོ་རིགས་བགར་གྱི་རིམས་འགོག་མཛུབ་སྟོན》བཀྲམས་ནས། རྗེས་ཕྱོགས་སུ་རིམས་འགོག་ལས་དོན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བཀོད་སྒྲིག་ཞིབ་མོ་བྱས་ཡོད་ལ། བཟོ་གྲྭ་དང་ཐོན་ལས་སླར་གསོ་ལ་བླང་བྱ་གསལ་བོ་བཏོན་ཡོད། རང་ཁུལ་གྱི་འབར་ཁམས་གྲོང་ཁྱེར་ལས་གཞན་རྫོང་ཁག་བཅུ་གཉིས་ལ་ཏོག་གསར་གློ་ཚད་ནད་པ་བྱུང་མེད་པས། ང་ཚོས་རིམས་འགོག་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དམ་པོར་འཛིན་དགོས་པ་དང་། ལས་ཞུགས་དང་སྤྱི་ཡོངས་བརྟན་བརླིང་འགན་ལེན་དགོས། རིམས་འགོག་ལས་དོན་གལ་ཆེའི་ནང་གི་འགངས་ཆེན་དུ་བཟུང་སྟེ། ཁག་བགོ་རིགས་བགར་སྒོས་རིམས་འགོག་དང་དཔྱིད་རྨོད། བཟོ་གྲྭ་དང་ཐོན་སྐྱེད་སླར་གསོ། དབུལ་བྲལ་གནད་སྒྲོལ་སོགས་དཔལ་འབྱོར་སྤྱི་ཚོགས་ཀྱི་ལས་དོན་སོ་སོ་ལེགས་པར་བསྒྲུབ་དགོས།

     དབྱང་ཁེ་ཉིང་གིས་ནན་གྱིས་བསྟན་དོན། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་བཀོད་སྒྲིག་ཀུན་ནས་དོན་འཁྱོལ་བྱེད་དགོས་ཤིང་། རིམས་འགོག་ལས་ཀ་ཞིབ་ཅིང་ནན་པོར་བསྒྲུབ་པ་དང་སྦྲགས་གཤམ་གྱི་ཕྱོགས་འགའ་ལེགས་པར་བསྒྲུབ་དགོས་ཏེ། གཅིག་ནི་ཞིང་བ་གླ་ལས་ཀྱི་ལས་རྐང་དུ་ལོག་པའི་ལས་ཀ་ལེགས་པར་བསྒྲུབ་དགོས། གཉིས་ནི་ཁག་བགོ་རིགས་བགར་གྱི་རིམས་འགོག་ལས་ཀ་ལེགས་པར་བསྒྲུབ་དགོས། གསུམ་ནི་འགག་སྒོ་ཡི་ལས་རེས་ལས་ཀ་ནན་ཏན་གྱིས་བསྒྲུབ་དགོས། བཞི་ནི་འཁོར་སྐྱོད་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ལྔ་ནི་དྲིལ་སྒྲོག་དང་མཛུབ་སྟོན་ལ་ཤུགས་བསྣན་དགོས།

      གྲོས་ཚོགས་ལས་ཞིང་ཆེན་ཡོངས་ཀྱི་ཞིང་བ་གླ་ལས་ཀྱི་ལས་རྐང་དུ་ལོག་པའི་ཞབས་ཞུ་ལས་ཀའི་ཁ་པར་བརྙན་འཕྲིན་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། 《ཁུལ་ཏོག་གསར་གློ་ཚད་མཁོ་བསྟུན་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་གི་འཚོ་བའི་དངོས་ཟོག་འགན་ལེན་ཚན་ཆུང་ཁ་སྣོན་སྐོར་གྱི་མཛུབ་སྟོན》ལ་གྲོས་སྡུར་བྱས་ཤིང་། 《སི་ཁྲོན་ཞིང་ཆེན་ཏོག་གསར་གློ་ཚད་མཁོ་བསྟུན་བཀོད་འདོམས་པུའུ་ཡི་ཞིང་བ་ཕྱི་ལ་ལས་གླར་འགྲོ་བའི་ཞབས་ཞུའི་ཆེད་དོན་འཛིན་གྲྭ་འཛུགས་པའི་སྐོར་གྱི་བརྡ་ཐོ》ཡི་བླང་བྱ་ལག་ལེན་བྱེད་ཚུལ་དང་། རྔ་བ་ཁུལ་གྱི་ཞིང་བ་ཕྱི་ལ་ལས་གླར་འགྲོ་བའི་ཞབས་ཞུའི་ཆེད་དོན་འཛིན་གྲྭ་འཛུགས་པའི་འབྲེལ་ཡོད་དོན་ཚན་ལ་གྲོས་སྡུར་བྱས།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།