ཞོན་ཁོའུ་བཟོ་ལས་གླིང་ཁུལ་གྱི་ཁེ་ལས་7གྱིས་ཐོན་སྐྱེད་བྱེད་མགོ་ཚུགས་པ་དང་། ཁེ་ལས་4ཡིས་ཐོན་སྐྱེད་སླར་གསོའི་རེ་ཞུ་བྱས།

རྩོམ་པ་པོ།   བསོད་ནམས་སྐྱིད།དུས་ཚོད།   2020-02-20   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

              ཟླ་2ཚེས་12ཉིན་ཝུན་ཁྲོན་རྫོང་ཞོན་ཁོའུ་བཟོ་ལས་གླིང་ཁུལ་ལི་ཏུན་གློག་རྡུལ་ཚན་རྩལ(རྔ་བ་ཁུལ)ཚད་ཡོད་ཀུང་སིའི་སྒོ་ཆེན་གྱི་མདུན་དུ་ལུས་པོའི་དྲོད་ཚད་ཞིབ་དཔྱད་ཚད་ལེན་དང་། དུག་སེལ། ཐོ་འགོད་བཅས་བྱས་རྗེས། གསར་འགོད་པ་ཀུང་སིའི་འགན་འཁུར་བ་དང་མཉམ་དུ་ཐོན་སྐྱེད་འཁོར་ཁང་དུ་ཕྱིན་པ་རེད། འཁོར་ཁང་ནང་འཕྲུལ་འཁོར་གྱི་སྒྲ་ཆེ་ཞིང་རང་འགུལ་ཅན་གྱི་ཆུ་རྒྱུན་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་བཞིན་ཡོད།

            དེ་རྗེས། རྔ་བ་ཝུན་ཁྲོན་ཆའོ་ཡོན་རླངས་གཟུགས་ཚད་ཡོད་ཀུང་སི་རུ། སྔར་བཞིན་སྒོ་སྲུང་གིས་ལུས་དྲོད་བརྟག་དཔྱད་དང་ཁ་རས་བརྒྱབ་ཡོད་མེད་ལ་ཞིབ་བཤེར་སོགས་ཀྱི་གོ་རིམ་བརྒྱུད་རྗེས་ད་གཟོད་བཟོ་གྲྭའི་ནང་ཁུལ་དུ་བསྐྱོད་ཐུབ་ཀྱི་ཡོད། ཐོན་སྐྱེད་ཀྱི་རྒྱུན་མཐུད་ལས་རིམ་ཐོག་ལས་བཟོ་བ་ཚང་མས་ཁ་རས་བརྒྱབ་ནས་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་བྱེད་ཀྱི་ཡོད། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཀུང་སི་དེས་གཙོ་བོ་གསོ་རླུང་དང་ཏན་རླུང་། ཨར་རླུང་། དེ་བཞིན་སྨན་སྤྱོད་རླུང་གཟུགས་གཤེར་རྣམ་དབྱང་དང་རླུང་རྣམ་དབྱང་བཅས་ཐོན་སྐྱེད་བྱེད་བཞིན་ཡོད་པས་ཉིན་རེའི་ཐོན་ཚད་ཏུན་1800ཟིན་གྱི་ཡོད། རིམས་ནད་བྱུང་རྗེས། རྒྱལ་ཡོངས་ཀྱི་སྨན་བཅོས་མཁོ་ཆས་ཀྱི་དགོས་མཁོ་ཆེ་རུ་ཕྱིན་པས་ཀུང་སི་དེའི་ལས་མིས་རང་འགུལ་ངང་མིང་ཐོ་འགོད་པ་དང་ལས་དུས་འཕར་ནས་ཐོན་སྐྱེད་བྱས་ཏེ་རྒྱལ་ཡོངས་ཀྱི་སྨན་ཁང་ཆེ་ཆུང་ཁག་ལ་སྨན་སྤྱོད་གསོ་རླུང་མཁོ་འདོན་བྱས་ཡོད།

           ངོ་སྤྲོད་བྱས་པར་གཞིགས་ན། ཝུན་ཁྲོན་རྫོང་གིས་རྒྱལ་ཁབ་དང་། ཞིང་ཆེན། ཁུལ་གྱི་ཁེ་ལས་ཀྱི་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་འབྲེལ་ཡོད་ལས་དོན་སྐོར་གྱི་བླང་བྱ་ཁག་ལག་བསྟར་དོན་འཁྱོལ་བྱས་ཏེ་ཁེ་ལས་ཀྱི་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་རྒྱབ་སྐྱོར་དང་སྐུལ་འདེད་བཏང་ནས་ལས་འགོ་འཛུགས་རྩིས་ཡོད་པའི་ཁེ་ལས་ལ་རེ་རེ་བཞིན་ཞིབ་བཤེར་དང་འགག་སྒོ་ནན་སྲུང་གིས་ཁེ་ལས་ཚང་མར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆ་རྐྱེན་འཛོམས་ཚེ་གང་མགྱོགས་ཀྱིས་ཐོན་སྐྱེད་སླར་གསོ་བྱེད་པར་འགན་ལེན་བྱས་པ་རེད། མིག་སྔར། ཞོན་ཁོའུ་བཟོ་ལས་གླིང་ཁུལ་གྱི་ཁེ་ལས་29ཡི་ནང་ནས་ཁེ་ལས་7གྱིས་ཐོན་སྐྱེད་བྱེད་མགོ་ཚུགས་པ་དང་ཁེ་ལས་4ཡིས་བླང་བྱ་ལྟར་ཐོན་སྐྱེད་སླར་གསོའི་རེ་ཞུ་བྱེད་བཞིན་ཡོད་པ་རེད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།