ན་ཟུག་བསྲན་ནས་རིམས་འགོག་ལས་ལ་འབད། ཕྱིར་བཤོལ་མེད་པར་འགན་འཁྲི་ཕྲག་ཏུ་འཁུར།——ཧུང་ཡོན་རྫོང་མི་དམངས་སྨན་ཁང་གི་ཁོག་ནད་ཚན་ཁག་དང་འགོས་ནད་ཚན་ཁག་གི་སྨན་ཞབས་དཔོན་ཝུའུ་ཐེན་ཆུང་གི་ལས་དོན་སྤེལ་ཚུལ་བཀོད་པ།

རྩོམ་པ་པོ།   བསོད་ནམས་སྐྱིད།དུས་ཚོད།   2020-02-20   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།


           ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་མགོ་ཚུགས་པ་ནས་བཟུང་། རང་ཁུལ་གྱི་སྨན་དོན་མི་སྣས་འཐབ་ཕྱོགས་དང་པོ་བརྟན་སྲུང་བྱས་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཆེད་གཡས་གཞོགས་གཡོན་འདེགས་བྱས། རིམས་ནད་ཀྱི་མདུན་དུ་ཁོང་ཚོས་ཕྱར་བ་གྲུ་འདེགས་དང་ཕྱིར་བཤོལ་མི་བྱེད་པར་ནུས་ཤུགས་ཡོད་རྒུས་འགོག་རྒོལ་དམག་འཐབ་ནང་ཞུགས་པ་རེད། མདུན་དུ་ལྷགས་པའི་རིམས་ནད་ཁྲོད་འགན་འཁྲི་འཁུར་སེམས་རྣམ་པར་མངོན། རིམས་ནད་ལ་རྒོལ་བའི་རིང་མི་སེམས་འགུལ་བའི་བྱ་བ་མི་ཉུང་བ་ཞིག་བྱུང་ཡོད་དེ། ཧུང་ཡོན་རྫོང་མི་དམངས་སྨན་ཁང་གི་ཁོག་ནད་ཚན་ཁག་དང་འགོ་ནད་ཚན་ཁག་གི་ཞབས་དཔོན་ཝུའུ་ཐེན་ཆུང་ནི་དེའི་ཁྲོད་ཀྱི་གཅིག་རེད།
           ཟླ་1ཚེས་28ཉིན། ཝུའུ་ཐེན་ཆུང་གིས་ལས་དོན་བསྒྲུབ་སྐབས་སེམས་ཆུང་མ་བྱས་པར་རྨས་སྐྱོན་ཕོག་པ་དང་རྩིབ་རུས་གཉིས་ཆག་ཡོད། འོན་ཀྱང་ཁོ་མོས་སྨན་ཁང་དང་ནང་མིར་རྨས་སྐྱོན་ཕོག་པ་གསང་སྟེ་ན་ཟུག་དྲག་པོ་བསྲན་ནས་སྔར་བཞིན་རིམས་ནད་སྔོན་འགོག་གི་འཐབ་ས་དང་པོ་བརྟན་སྲུང་བྱས་ནས་ཉིན་བཞི་ཏག་ཏག་ལ་བསྡད་པ་རེད། རིམས་ནད་ལ་རྒོལ་བའི་འགག་རྩའི་དུས་སུ། ཝུའུ་ཐེན་ཆུང་གིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་སྨན་དོན་ལས་དོན་པ་ཞིག་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བཞིན་ཡོད། 

   རྨས་སྐྱོན་གསང་ནས་རིམས་ནད་ལ་རྒོལ།

           རེམ་མ་ང་ལ་རོགས་ཤིག་བྱོས་དང་། ང་ལ་ན་ཟུག་ལངས་ནས་ཡར་བཞེངས་མི་ཐུབ་ཀི། ཞེས་ཟླ་2ཚེས་2ཉིན་གྱི་ཞོགས་པར། ན་ཟུག་གིས་མནར་བའི་ཝུའུ་ཐེན་ཆུང་མལ་ལས་ལངས་ཐབས་མེད་ལ་གོན་པའང་གྱོན་མ་ཐུབ་པས། མོས་ལས་གྲོགས་ལ་ཁ་པར་བཏང་ནས་རོགས་བྱེད་པར་བོས། ལས་གྲོགས་ཚོས་བྲེལ་འཚུབ་ངང་ཁོ་མོ་སྨན་ཁང་དུ་བསྐྱལ་བ་དང་CTབརྟག་དཔྱད་བྱས་རྗེས་གཡས་གཞོགས་ཀྱི་རྩིབ་རུས་གཉིས་ཆག་པ་མངོན་ཡོད། སྐབས་དེ་དུས། ཧུང་ཡོན་རྫོང་མི་དམངས་སྨན་ཁང་གི་སྨན་དོན་མི་སྣ་ཚོས་སོ་མར་ཝུའུ་ཐེན་ཆུང་གིས་ན་ཟུག་བསྲན་ནས་ཉིན་བཞི་འགོར་ཡོད་པ་ཤེས་བྱུང་། 
            ཟླ་1ཚེས་28ཉིན། མཚན་གུང་བར་ལས་སྣོན་བྱས་པའི་ཝུའུ་ཐེན་ཆུང་གིས་སྨན་བཅོས་འགོག་སྲུང་དངོས་ཟོག་དབོར་སྐབས་སྟབས་མ་ལེགས་པར་འགྱེལ་བ་རེད།  མ་འགྲིག་ཐ། ཚིགས་འགོས་བཞག་ཐ། རུས་གསེང་ལ་ཟུག་པའི་ན་ཟུག་གིས་ཝུའུ་ཐེན་ཆུང་ལ་ཚོར་སྣང་མི་ལེགས་པ་ཞིག་སྐྱེས་བྱུང་། ཁོང་གིས་སྔར་གནས་སུ་ངལ་གསོ་ཅུང་ཙམ་བྱས་པ་དང་། ན་ཟུག་ཅུང་ཞི་ལྷོད་དུ་སོང་རྗེས་འཕྲལ་དུ་བྲེལ་འཚུབ་ཆེ་བའི་ལས་ཀའི་ནང་ཞུགས་ཏེ་ལོགས་སུ་བཀར་བའི་ནད་ཁང་གི་སྒྲིག་ཆས་ཚང་མ་བཀོད་སྒྲིག་བྱས་ཚར་རྗེས་ད་གཟོད་ཁྱིམ་ལ་ལོག་ནས་ངལ་གསོ་བྱེད་རྩིས་བྱས་ལ། ཁོ་མོ་ཁྱིམ་དུ་ཐོན་དུས་ཐོ་རེངས་ཀྱི་ཆུ་ཚོད་གསུམ་པར་སླེབས་ཡོད། 

གཉིད་ལས་སད་མ་ཐག་ཏུ། ཝུའུ་ཐེན་ཆུང་མལ་ལས་ལངས་ཏེ་ལས་ཚོགས་ལ་འགྲོ་གྲབས་བྱས་ཤིང་། ལུས་པོའི་གཡས་ངོས་ཀྱི་ན་ཟུག་བཟོད་དཀའ་བས། མོས་ན་ཟུག་འཇོམས་པའི་སྨན་འགའ་འཐུང་རྗེས། གོས་དཀར་གྱོན་ནས་མུ་མཐུད་དུ་བྱ་བ་བསྒྲུབ་བྱུང་།
          ལག་པ་བཀྲུ་བྱེད་འདི་རུ་འཇོག་དགོས་པ་དང་། ཁ་རས་དེ་ལྟར་རྒྱག་དགོས་པ། ལོགས་དབྱེའི་ནད་ཁང་གི་ཕྱི་རོལ་དུ་ད་དུང་ཉེན་ཟོན་ཐིག་སྐུད་ཅིག་འཐེན་དགོས། ཞེས་ཝུའུ་ཐེན་ཆུང་གིས་ལོགས་དབྱེའི་ནད་ཁང་གི་བར་དུ་བྲེལ་འཚུབ་ཆེ་བའི་ལས་ཀའི་ཁྲོད་རང་ལུས་ཀྱི་ན་ཟུག་རྩ་བ་ནས་བརྗེད་སོང་། 
         མོ་ཁྱིམ་དུ་ལོག་རྗེས་ང་ལ་གཟབ་གཟབ་མ་བྱས་པར་འགྱེལ་སོང་ལ། སྐྱོན་ཆེ་མི་འདུག་ཟེར། ཞེས་ཝུའུ་ཐེན་ཆུང་གི་ཁྱོ་ག་ཕུའུ་ཏེ་ཡུང་གིས་གསར་འགོད་པར་བཤད་རྒྱུར། ཝུའུ་ཐེན་ཆུང་ནི་སྨན་དོན་མི་སྣ་ཞིག་ཡིན་པས། རང་ཉིད་ཀྱི་རྨས་སྐྱོན་ཕོག་ཚུལ་ལ་རྒྱུས་མངའ་ཆེན་པོ་ཡོད་རུང་། ནང་མིར་རྨས་སྐྱོན་ཕོག་ཚུལ་གསང་བྱུང་།   

 ཕུའུ་ཏེ་ཡུང་གིས་སྙིང་ཁམས་གཤགས་བཅོས་བྱས་མྱངས་བས་ལས་འཁྱུར་ངལ་གསོ་བྱས་ནས་ཁྱིམ་དུ་བསྡད་ཡོད། ད་ཐེངས་ཁོས་ཝུའུ་ཐེན་ཆུང་ལ་ཡོང་རོགས་བྱས་ནས་ཧུང་ཡོན་དུ་ཐོན་རྗེས། ཁྲག་ཤེད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་མ་ཟད། མིག་ལའང་ཁྲག་རྒྱས་ཡོད། ཕུའུ་ཏེ་ཡུང་གི་ལུས་པོའི་གནས་ཚུལ་ལ་གཞིགས་ནས་ཝུའུ་ཐེན་ཆུང་གིས་རྨས་སྐྱོན་གྱི་གནས་ཚུལ་གསང་བ་མ་ཟད། ད་དུང་ཁོ་མོར་ལས་བྲེལ་ཆེ་ཞིང་ལྟ་རྟོག་བྱེད་ཁོམ་མེད་པས་ཁྱོད་རང་ཏུའུ་ཅང་ཡན་ལ་ཕྱིར་སོང་། ཞེས་ཟླ་1ཚེས་31ཉིན་ཝུའུ་ཐེན་ཆུང་ལ་རྨས་སྐྱོན་ཕོག་པ་མི་ཤེས་པའི་ཕུའུ་ཏེ་ཡུང་ཧུང་ཡོན་ནས་ཁ་གྱེས་ཏེ་ཏུའུ་ཅང་ཡན་ལ་ལོག
             ཟླ་2ཚེས་2ཉིན། ཝུའུ་ཐེན་ཆུང་ལ་རྨས་སྐྱོན་ཕོག་ཚུལ་ཤེས་རྗེས། ཕུའུ་ཏེ་ཡུང་འཕྲལ་མར་ཧུང་ཡོན་དུ་ཐོན། ཁྱོད་ཀྱིས་ངོ་མ་སྲོག་འབེན་ལ་འཇོག་བཞིན་ཡོད། ལོ་50སླེབས་ཁར་ལུས་ཕུང་འཕངས་མེད་བྱས་ནས། ཞེས་ཕུའུ་ཏེ་ཡུང་གི་ལེ་བདའ་དང་ཤ་ཚ་བའི་གཏམ་ལ། ཝུའུ་ཐེན་ཆུང་གིས་དགོད་ཞོར་དུ་དམིགས་བསལ་གྱི་དུས་སྐབས་སུ། ལས་ཀ་བསྐྱུར་མི་རུང་། ངས་རྒྱུན་འཁྱོངས་བྱེད་འདོད་པ་ཙམ་མོ་ཟེར།   

སྨན་པའི་བྱམས་སེམས་རྒྱུན་དུ་སྲིང་། 
              ཟླ་1ཚེས་26ཉིན་ལ་ཕྱིར་བལྟས་ན། ཝུའུ་ཐེན་ཆུང་གིས་གསར་འགྱུར་ཐོག་ནས་རྒྱལ་ཡོངས་ཀྱི་རིམས་འགོག་དུས་བབ་ཛ་དྲག་ཡིན་པ་ཤེས་རྗེས་ལོ་གསར་ཚེས་གཉིས་ཉིན་རང་འགུལ་ངང་ལས་གནས་སུ་ལོག་པ་རེད། ཐག་རིང་གི་ངལ་དུབ་དང་ས་མཐོར་མི་འཕྲོད་པའི་གནས་ཚུལ་ལ་བསམ་བློ་གཏོང་གི་མེད། སྨན་ཁང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་མཁོ་བསྟུན་ལས་དོན་བཀོད་སྒྲིག་ཚོགས་འདུའི་ནང་ཞུགས་རྗེས་ཝུའུ་ཐེན་ཆུང་གིས་བུ་མོའི་པར་རིས་རྙིང་བ་ཞིག་བཤགས་པ་དང་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་དམག་འཐབ་ཡི་གེ་བྲིས་པ་རེད།   

རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་ཕྱར་བ་གྲུ་འདེགས་དང་མི་སེམས་གཅིག་སྒྲིལ་གྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འགག་རྩའི་དུས་སུ། འཐབ་ཕྱོགས་དང་པོའི་སྨན་དོན་ལས་དོན་པ་ཞིག་ཡིན་པའི་ངོས་ནས། ང་ལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་སའི་མདུན་དུ་བསྐྱོད་རྒྱུའི་འགན་འཁྲི་དང་འོས་འགན་ཡོད། ཅེས་དུས་ཚོད་ཐུང་ཐུང་བྲིས་པའི་ཡིག་འབྲུ་100ཡས་མས་ཀྱི་དམག་འཐབ་ཡི་གེའི་སྐད་ཆ་བབ་ཆགས་ལ། བརྩེ་དུང་ཟོལ་དུ་མེད་པས། ཝུའུ་ཐེན་ཆུང་གི་འགན་འཁྲི་འཁུར་སེམས་རྣམ་པར་མངོན་ཡོད།
            ཝུའུ་ཐེན་ཆུང་གི་སྣེ་ཁྲིད་འོག སྨན་ཁང་ཡོངས་ཀྱི་སྨན་པ་དང་སྨན་ཞབས་པ་107གྱིས་དམག་འཐབ་ཡི་གེའི་སྟེང་མཛུབ་ཐེལ་བརྒྱབ་པ་རེད།        

ནད་ཁྲིའི་ཐོག་ཉལ་ནས་བསྡད་ཡོད་པའི་ཝུའུ་ཐེན་ཆུང་གིས་ད་དུང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། ད་དུང་རང་ཉིད་ཀྱིས་གཟབ་གཟབ་མ་བྱས་པར་སྐྱོན་འཛུགས་བྱེད་ཀྱི་ཡོད། ཁོ་མོས་སེམས་ཧ་ཅང་འཚབ་ཀི། ད་དུང་ནད་པ་མང་པོར་ནད་གཡོག་དགོས་པས། དོན་དག་མང་པོ་ཞིག་ཐག་གཅོད་བྱེད་དགོས་ཀྱི་ཡོད། གནད་འགག་གི་སྐབས་སུ་ངས་སྨན་ཁང་ལ་དཀའ་ལས་གཏད་བྱུང་ཟེར།

ངའི་ལུས་པོ་འགུལ་མི་ཐུབ་མོད། འོན་ཀྱང་ངའི་ཀླད་པ་ད་དུང་སྤྱོད་ཆོག ཅེས་ཟླ་2ཚེས་5ཉིན་གྱི་སྔ་དྲོ་ཝུའུ་ཐེན་ཆུང་གིས་ནད་ཁྲིའི་ཐོག་ཉལ་ནས་ཚན་ཁག་གི་ལས་གྲོགས་ལ་ལས་ཀ་བཀོད་སྒྲིག་བྱས་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་འདྲི་རྩད་བྱས་པ་མ་ཟད། སྨན་ཞབས་པར་ཟུར་འཇོག་ལྟ་མཁན་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་དགོས་པའི་མངགས་བཅོལ་བྱས་པ་རེད། 

ཝུའུ་ཐེན་ཆུང་གི་བརྟན་སྲུང་གི་སྙིང་སྟོབས་ལ་མི་རྣམས་ཀྱིས་ཡིད་སྨོན་ཆེན་པོ་བྱེད་བཞིན་ཡོད། ནང་མིས་སེམས་ཁྲལ་བྱེད་ཀྱི་ཡོད་ཀྱང་སྔར་བཞིན་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཁོ་མོར་རྒྱབ་སྐྱོར་བྱས། མི་ལ་ལས་བྲེལ་ཧ་ཅང་ཆེ་བས་ནང་མི་ལ་ལྟ་སྐྱོང་བྱེད་ཁོམ་མེད། འོན་ཀྱང་ཁོ་མོས་མི་མང་པོའི་བདེ་ཐང་གི་ཆེད་དུ་རེད། ངས་མོ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ་ཁོ་མོའི་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཡང་བྱེད་ཀྱི་ཡོད། ཅེས་ཕུའུ་ཏེ་ཡུང་གིས་དེ་ལྟར་བཤད་བྱུང་།

          མིག་སྔར་ཝུའུ་ཐེན་ཆུང་དྲག་སྐྱེད་ཡོང་བཞིན་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཞེ་ཆགས་པའི་ཁོ་མོས་བློ་བརྟན་འགྱུར་མེད་ངང་རྨས་སྐྱོན་ཕོག་རྗེས་འཕྲལ་མར་ལས་གནས་ཐོག་ལོག་ནས་ལས་གྲོགས་དང་དཔུང་པ་མཉམ་གཤིབ་ཀྱིས་རིམས་ནད་འགོག་བཅོས་བྱ་རྒྱུ་ཡིན་ཞེས་བཤད་བྱུང་ངོ་།། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།