ཤེར་གསལ་གྱི་ཁ་བརྡ་ཤ་ཚ་མ། བརྙན།

རྩོམ་པ་པོ།   ཛམ་ཐང་བ་ལྕགས་མདའ།དུས་ཚོད།   2020-02-20   རྩོམ་ཁུངས།    རྔ་བའི་གགསར་འགྱུར་དྲ་བ།

ཤེར་གསལ་གྱི་ཁ་བརྡ་ཤ་ཚ་མ།

       ཡ་སྙིང་ཉེ་བའི་མང་ཚོགས་རྣམས་ལ། འཚམས་འདྲི་ཡོད། བཀྲ་ཤིས་བདེ་ལེགས་ཞུ། ང་ནི་ཤེར་གསལ་ཡིན། དེ་རིང་ངས་དུས་སུ་བབས་པའི་ཆར། སྐབས་སུ་བབས་པའི་གཏམ་ཞིག་བཤད་ན། ཝུའུ་ཧན་གྲོང་ཁྱེར་གཙོ་བོར་བྱེད་པའི། ས་ཆ་སྟོད་སྨད་བར་གསུམ།  ཉི་མ་ཤར་ལྷོ་སྒང་དྲུག མདོར་ན་ཕྱིའི་རྒྱལ་ཁབ་ཉེར་བཞི་དང་། ནང་ཞིང་ཆེན་སོ་བཞི་ལ། ཏོག་གསར་གློ་ཚད་འདི་ཉིན་རེ་བཞིན་དུ་ཁྱབ་མཆེད་འགྲོ་དང་འགྲོ་བཞིན་པའི་སྐབས་ཡིན་པ་དེ། ངས་ཁ་ཁ་ཡིས་མ་བཤད་ན། ཁྱེད་རྣམས་པའི་སེམས་སེམས་ལ་ཤར་འདུག་ཡོད་ངེས་རེད།  

      དེ་ཡིན་ན་ཁྱེད་རྣམ་པའི་མི་བརྗེད་སེམས་ལ་བཟུང་དགོས་རྒྱུ། མི་འབོར་གློ་ན་བཏགས་དགོས་རྒྱུ་ཞིག་ལ་ནི། མཁན་སྤྲུལ་གསེར་རིའི་ཕྲེང་བ་འདྲ། དཔོན་བློན་བཀྲ་ཤིས་རྟགས་བརྒྱད་འདྲ། ད་རུང་མ་ཚད་པའི་སྤྱིར་འཛམ་གླིང་དང་། སྒོས་ཀྲུང་གོ་རྒྱལ་ཁབ་ཀྱི་ཚན་རིག་པ་དང་། ཞིབ་འཇུག་པ། སྨན་པ་ཚོས། ད་སྒུར་བོ་དཀྱིལ་ནས་བཞག   དཔྱད་པ་མཐའ་ནས་བརྒྱབ་ནི་ཡིན་ན་ནི། ད་སྐབས་ཀྱི་ཏོག་གསར་གློ་ཚད་དེ་ལ། ཆུ་མ་ཡོང་གོང་གི་རགས། རྐྱེན་མ་ཡོང་གོང་གི་རིམ་གྲོ་ཞིག་ཡོད་རྒྱུ་དེ། ཚང་མ་ས་མཐའ་ཨ་ལོང་འཁོར་འཁོར། སྡེ་མཐའ་ཕུ་ཐུང་ཉུག་ཉུག་མི་བྱེད་ནས། རང་ཁྱིམ་དྲོད་མོ་ནང་ལ་འགྲོ་ཤེས་ཝ་མོ་ཞོམ་ཞོམ། འདུག་ཤེས་རི་བོང་ཙོག་ཙོག་བྱེད་པ་འདི་བྱ་བ་གལ་ཆེན་ནང་གི་དོན་ཆེན། སྐྱེ་བདུན་རིལ་བུ་གོང་ཆེན་ཡིན་ནི་རེད།  

       ད་ནི་མི་འགའ་རེས། རང་གི་ལུས་ལ་བདག་མ་བྱས། གཞན་གྱི་ལུས་ལ་འགན་མ་ཁུར་ནས། སྨིག་ལ་ལུང་ནང་ནས་མགོ་འཁོར། དར་སབ་སོབ་ནང་དུ་བླ་བཅག་པར་མ་ཟད། འགྲོ་མ་ཤེས་རྐང་བས་བརྫད། འདུག་མ་ཤེས་འཕོང་གིས་བརྫད་ནས། མི་གཅིག་གིས་མི་བརྒྱ་ནད་པ། རྟ་གཅིག་གིས་ལུང་མོའི་ཆུ་རྫོད་བྱེད་པ་རེད། དེ་ཡིན་ན་བསམ་བློ་བཞི་གསུམ་བཅུ་གཉིས། བློ་རྩེ་ཉི་ཤུ་རྩ་ལྔ་བཀོད་ནས། རང་སེམས་ལ་སྐོར་བ། རང་ལུས་ལ་མདུད་པ་བརྒྱབ་ཚོད་རེད། ད་རུང་དེའི་མ་ཚད་ནད་པའི་ཁ་ཆུ་དང་ཁ་རླངས་ཅ་ལག་སོཊ་ལའང་། དར་ལ་སྐོར་སྐོར། དུག་ལ་འཛེམ་འཛེམ་ཞིག་བྱེད་དགོས་ནི་རེད།  

      ཡ་སེམས་ལ་འཛིན་པའི་ཚིག རུམ་ལ་བསྡུ་བའི་གྲོ། རིམས་འགོག་ཁ་བདེ་གོ་བདེ་ཞིག་བཤད་ན། ཚན་རིག་འགོག་སྲུང་གནད་འགག་ཡིན། རང་ཁྱིམ་དྲོད་མོར་འདུག་ནས། ཁ་ལག་གཙང་མ་བཀྲུ་དགོས་ཀི། གོས་སྟན་ཉི་མའི་ནང་ལ་བཞག་དགོས་གི། ཁ་རས་ཡག་པོ་གྱོན་དགོས་ཀི། སྒོ་སྐར་ཁུང་ཕྱེ་ནས་དུག་སེལ་བྱེད་དགོས་ཀི།

      དེའི་འཕྲོས་ནས། གོ་བའི་བུ་ལ་བརྡ། རི་སྤྱང་སྔོན་མོར་ཐོ་ཞིག་བཞག་ན།  མི་ཉན་མི་ཆོག་རྣམ་གསུམ་ནི། དོན་མེད་ན་གྲོང་ཁྱེར་ནང་ན་སོང་ན་མི་ཆོག་གི།  མི་མང་འདུས་སྡོད་བྱེད་ན་མི་ཆོག་གི། རང་མི་ཕྱི་རུ་སོང་ན་མི་ཆོག་གི། ཕྱི་མི་ནང་ལ་ཁྲིད་ན་མི་ཆོག་གི། ཁྲིམས་དང་འགལ་བའི་ཚོང་ལས་བྱེད་ན་མི་ཆོག་གི། ཁུངས་མེད་ཚིག་འཁྱར་བཤད་ན་མི་ཆོག་གི། རི་སྐྱེས་སྲོག་ཆགས་ཁ་ཟས་མ་བྱེད། མི་རེག་མི་ཟ་བདེ་འཇགས་ཡིན།   

       མདོར་ན་ཆོས་ཁྲིམས་དར་གྱི་མདུད་པ། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཡོད་ས་ནས། མི་མང་ནང་ནས་ཁ་མ་མང་།  མགར་བའི་ཀོ་ཁ་ལག་མ་མང་།  ངའི་ཁ་སེམས་བསམ་པ་དཀར་པོ་ཡིན། ཁ་ལག་གཙང་མའི་མཆོད་པ་ཡིན།  དེ་ཡིན་ན་མི་ཆུང་རུང་ཁ་གཏམ་གོང་ཁུག་ཞིག རྟ་ཆུང་རུང་རིན་གོང་མཐོ་འཇོག་ཞིག་བྱེད་རྒྱུ་ནི། སེམས་ཀྱི་རེ་བ་ཉག་གཅིག་ཡིན།   མགོ་ཡི་རལ་བ་དུམ་སེ་ཡིན།  མཇུག་མཐར་ས་སྒང་གོ་ལ་འདིའི་སྟེང་གི་འགྲོ་བ་མི་ཡོད་དོ་ཅོག་དང་། ལྷག་པར་ཤ་རུས་ཁྲག་རྒྱུན་གཅིག་པའི་བོད་རིགས་སྤུན་ཟླ་རྣམས་ལ། ནད་མེད་ཚེ་རིང་ཡོང་བ་དང་། ཏོག་གསར་གློ་ཚད་འཇའ་བཞིན་ཡལ་བའི་བཀྲ་ཤིས་སྨོན་འདུན་གྲངས་མེད་ཞུའོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།