ཡིད་ཆེས་ནི་རིམས་འགོག་ལས་རྣམ་པར་རྒྱལ་བའི་སྲོག་རྩ་ཡིན།

རྩོམ་པ་པོ།   གཉན་ཕྱུགདུས་ཚོད།   2020-02-19   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

དཔྱད་གཏམ་ཐུང་ངུ་།


      ཉིན་ཤས་རིང་། བརྙན་འཕྲིན་སོགས་སུ་རིམས་འགོག་གི་གནས་ཚུལ་མང་པོ་བཀོད་དང་འགོད་བཞིན་ཡོད། དུས་ཚོད་སྐར་ཆ་རེ་རེར་ནད་ཡམས་ཀྱིས་མི་མང་བོའི་ཚེ་སྲོག་ཁྱུར་མིད་དུ་གཏོང་བཞིན་ཡོད། ཟླ་2ཚེས་14ཉིན་གྱི་དུས་ཚོད་24བར་དུ། རྒྱལ་ཡོངས་སུ་བསྡོམས་རྩིས་བྱས་པ་ལྟར་ན། ནད་ངོ་བཟུང་བའི་ནད་པ་5687ཡོད་ཅིང་། དེའི་ཁྲོད་ཀྱི་ནད་པ་1523ཚེ་ལས་འདས་སོང་། ཏོག་གསར་གློ་ཚད་འགོས་པའི་སྨན་པ་1716ཡོད་པ་ལས་སྨན་པ་6ཚེ་ལས་འདས་ཟིན། རིམས་འགོག་གི་བྱ་བར་མི་ལྡོག་བརྟན་པའི་བརྩོན་འགྲུས་ཀྱི་གོ་ཆ་བགོས་པའི་འཚོ་བྱེད་སྨན་པ་རྣམས་ཀྱི་ཚེ་སྲོག་ནད་ཡམས་ཀྱི་འཇིགས་པས་མནར་བའི་གནས་ཚུལ་རིག་ན་བསམ་པའི་གཏིང་རིམ་ནས་ཡིད་རེ་སྐྱོ་ལ་ཨང་། སེམས་ཅན་ནད་པ་ཇི་སྙེད་པ་མྱུར་དུ་ནད་ཡམས་ལས་ཐར་བར་སྨོན།     

      གནས་ཚུལ་འདི་ལ་འཇིགས་ཤིང་སྐྲག་དགོས་པ་སྨོས་མ་དགོས། ཏོག་གསར་ནད་ངན་བྱུང་བ་ནས་བཟུང་། ལོ་སར་གྱི་སྟོན་མོ་སྣ་ཚོགས་སོགས་ཆོས་སྲིད་གཉིས་ཀྱི་བྱེད་སྒོ་ཕལ་མོ་ཆེ་གནས་སྐབས་སུ་མཚམས་མི་འཇོག་ཀ་མེད་བྱུང་།     

      ཤེས་ཡོན་གྱི་ཚུལ་ཙམ་འཛིན་པའི་བོད་ཀྱི་སྐྱ་སེར་ཁ་ཤས་ང་ཚོ་ནི་འཕགས་པ་ཐུགས་རྗེ་ཅན་གྱི་གདུལ་ཞིང་ཡིན་པས་མཆོག་གསུམ་ལ་གསོལ་བ་བཏབ་ན་ནད་ཡམས་འགོ་མི་ཐུབ་པ་སོགས་མུན་ནག་མདའ་འཕེན་གྱི་གཏམ་འཆལ་གླེང་བ་གཡར་ཞར་གྱིས་རྩྭ་ཟ་བ་དང་ཅིས་མི་མཚུངས།       

     གཞན་ཡང་མི་ཁ་ཤས་ཀྱིས་ས་ཚིགས་སོ་སོར་ལུས་ཀྱི་དྲོད་ཚད་ལ་བརྟག་སྐབས། དང་ལེན་མི་བྱེད་པར་བཙན་གྱིས་བརྒལ་བའི་ཚུལ་འདིས་རིམས་འགོག་གི་བྱ་བར་ཉིན་ལས་ཉིན་ཐུང་ཞིང་། མཚན་ལས་མཚན་ཐུང་བར་བྱེད་པའི་འབྲས་བུ་ཆུ་ནང་དུ་བླུགས་པ་རེད།  དེ་དང་ཆབས་ཅིག་ཏུ་རང་གི་སྤྱོད་ངན་དེའང་ལྷང་ལ་བུད་པ་མ་ཡིན་ནམ།  འདི་ནི་རང་གིས་རང་ལ་འགན་མ་ཁུར་བ་ཞིག་ཡིན་ལ་འབྲེལ་ཡོད་བཅའ་ཁྲིམས་རྡོག་རོལ་ཏུ་བཏང་བའང་ཡིན་པས།  ཆད་པ་ནན་མོ་གཅོད་དགོས།       

      འོན་ཀྱང་། ཏང་ཀྲུང་དབྱང་གིས་ཡང་དག་པའི་ཐབས་ཇུས་རབ་དང་རིམ་པ་བཏོན་དང་འདོན་བཞིན་ཡོད་པས་རིམས་འགོག་གི་བྱ་བ་མ་ལུས་འཐུས་ཚང་དུ་འགྲོ་བཞིན་འདུག མཛུབ་མོ་ལྔ་བཅངས་ཁུ་ཚུར་ཡིན་པས་རིས་སུ་མ་ཆད་པའི་སྐྱེ་བོ་ཀུན་གྱིས་རང་གི་ནུས་པས་ཞལ་འདེབས་ཕུལ་དང་འབུལ་བཞིན་ཡོད།  མང་བོ་གཅིག་ཏུ་བློ་མཐུན་ན་མི་འགྲུབ་བྱ་བ་གང་ཡང་མེད་པས་རིམས་འགོག་ལས་རྣམ་པར་རྒྱལ་ཐུབ་པར་ཡིད་ཆེས་དགོས།  ཡིད་ཆེས་མེད་ན་བྱ་བ་གང་ཡང་འགྲུབ་མི་ཐུབ་སྟབས། དེ་ནི་ནད་ཡམས་དྲུངས་ནས་འབྱིན་པའི་སྲོག་རྩ་ཡིན་ནོ།།       

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།