ཆུ་ཆེན་རྫོང་གིས་རིམས་ནད་སྔོན་འགོག་གི་ལས་ལ་འབད་བཞིན་ཡོད།

རྩོམ་པ་པོ།   མགོན་པོ་ཚེ་བརྟན།དུས་ཚོད།   2020-02-18   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

              ཐེངས་འདིའི་རིམས་ནད་སྔོན་འགོག་གི་ཁྲོད་དུ་ཆུ་ཆེན་རྫོང་གི་ལས་རིགས་སོ་སོའི་ལས་བྱེད་པ་ཚོས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ནས་རིམས་ནད་སྔོན་འགོག་གི་ལས་ལ་འབད་བཞིན་ཡོད་ཅིང་། གུང་ཁྲན་ཏང་ཡོན་རྣམས་ཀྱིས་རིམས་ནད་སྔོན་འགོག་ལ་ལྷག་ཏུ་འབད་བཞིན་ཡོད། ཚང་མས་སྙིང་སྟོབས་ཆེ་རུ་བསྐྱེད་ནས་རིམས་ནད་སྔོན་འགོག་གི་ལས་ཀ་སོ་སོར་ཞུགས་བཞིན་ཡོད།

             ཆུ་ཆེན་རྫོང་གི་ཀྲུང་ལུགས་དང་བོད་སྨན་ཁང་གི་ལུས་གསོ་ཚན་ཁག་གི་སྨན་པ་ཁྲིན་ཡུང་ཆང་ནི་ཏང་ཡོན་ཞིག་ཡིན། གསར་འགོད་པས་ཁོ་མཐོང་དུས་སུ་ཁོས་ནད་ཁང་དུ་དུག་སེལ་བྱེད་བཞིན་ཡོད་ཅིང་། ཁོས་རིམས་ནད་ཀྱི་གནས་ཚུལ་བྱུང་བ་ཤེས་མ་ཐག་ཏུ་འཕྲོད་བསྟེན་དང་བདེ་ཐང་ཅུས་སུ་བྱ་བ་སྒྲུབ་བཞིན་པའི་རང་གི་ཆུང་མར་གྲོས་བྱས་ནས། བྱིས་པ་གཉིས་རང་གི་ཉེ་སར་བཅོལ་ནས་བཟའ་བ་གཉིས་པོ་མཉམ་གཅིག་ཏུ་རིམས་ནད་སྔོན་འགོག་གི་ལས་ཀར་ཞུགས།

ཁྲིན་ཡུང་ཆང་གིས་གསར་འགོད་པར་དམིགས་བསལ་གྱི་དུས་སྐབས་འདིར་ང་རང་ཏང་ཡོན་ཞིག་ཡིན་པའི་ཆ་ནས་རང་ཉིདཀྱི་ནུས་ཤུགས་ཡོད་རྒུ་འདོན་དགོས་ཞེས་བཤད།

             ཆུ་ཆེན་རྫོང་དུ་རིམས་ནད་སྔོན་འགོག་གི་ལས་ལ་ཞུགས་མཁན་སྨན་པ་ལས་གཞན་གཞི་རིམ་གྱི་ཏང་ཡོན་དང་ལས་བྱེད་པ། ཉེན་རྟོག་པ་སོགས་ཀྱིས་ཀྱང་རིམས་ནད་ཀྱི་གནས་ཚུལ་བྱུང་རྗེས་སུ་རྫོང་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་བདེ་འཇགས་འགན་ལེན་བྱེད་ཆེད། ངལ་གསོ་བྱེད་མཚམས་བཞག་ནས་ལས་ཞུགས་བྱས་པ་དང་། རྫོང་དེའི་ཀྱེ་མོ་ཡུལ་ཚོ་དང་ཐུགས་རྗེ་གྲོང་རྡལ། འོ་བཟི་ཡུལ་ཚོ་སོགས་སུ་རིམས་འགོག་ས་ཚིགས་བཙུགས།

             རང་ཉིད་ཉེན་རྟོག་པ་ཞིག་དང་ཏང་ཡོན་ཞིག་ཡིན་པའི་ཆ་ནས་གནད་འགག་གི་སྐབས་སུ་ཏང་ནང་ཞུགས་སྐབས་དང་ཉེན་རྟོག་གི་ལས་ཀར་ཞུགས་སྐབས་ཀྱི་དམ་བཅའ་དེ་དག་ལག་ལེན་བྱེད་དགོས་པའི་འོས་འགན་ཡོད་པས། རིམས་ནད་སྔོན་འགོག་གི་ལས་ཀར་ཞུགས་ནས་ཏང་དང་རྒྱལ་ཁབ། མི་དམངས་ཀྱི་ཆེད་དུ་རང་ནུས་ཀྱི་ནུས་པ་འདོན་དགོས་ཞེས་ཆུ་ཆེན་རྫོང་སྤྱི་བདེའི་ཉེན་རྟོག་པ་ཝང་ཅན་ཝུན་གྱིས་གསར་འགོད་པར་དེ་ལྟར་བཤད། རང་ཉིད་ལས་གནས་གང་ལ་ཡོད་ཀྱང་རང་འགན་ནན་སྒྲུབ་བྱེད་རྒྱུ་གལ་ཆེན་ཡིན།

            ཏང་ཡོན་ཞིག་ཡིན་ན་དར་ཆ་ཞིག་ཡིན། རིམས་ནད་ཐོན་རྗེས་ཆུ་ཆེན་རྫོང་གི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་དང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། མཉམ་འགོག་མཉམ་བཅོས་ཀྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་པ། རྫོང་དང་གྲོང་རྡལ(ཡུལ་ཚོ)གྲོང་ཚོ(འདུས་སྡེ)སོགས་ཀྱིས་རིམས་ནད་སྔོན་འགོག་གི་དྲ་བ་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ། རིམས་ནད་ལྟ་ཞིབ་ཚད་ལེན་དང་རིམ་བཤེར། ཉེན་བརྡ། སྔོན་འགོག་ཚོད་འཛིན་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། ས་ཁོངས་བཅོས་སྐྱོང་དང་སྡེ་ཚན་བཅོས་སྐྱོང་། ལས་རིགས་བཅོས་སྐྱོང་དང་གཞི་རིམ་བཅོས་སྐྱོང་། ཚན་ཆུང་བཅོས་སྐྱོང་བཅས་དམ་པོར་སྦྲེལ། མཉམ་འགོག་མཉམ་བཅོས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་དགོས།

             ཆུ་ཆེན་རྫོང་གི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་འགན་འཁྲི་འཁུར་ཕོད་པ་དང་། དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ། སེམས་པ་གཅིག་སྒྲིལ་གྱིས་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་བརྩོན་བཞིན་ཡོད།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།