རང་རེའི་ཞིང་ཆེན་གྱིས་ཏོག་གསར་གློ་ཚད་ནད་པར་ཀྲུང་ལུགས་སྨན་རྫས་ཀྱིས་སྨན་བཅོས་བྱས་ཚད་བརྒྱ་ཆ་90ལ་སླེབས།

རྩོམ་པ་པོ།   རིག་ལྡན།དུས་ཚོད།   2020-02-18   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

               སྨྱུག་འཛིན་པས་འཕྲིན་སྦྱོར་དུ་མ་ལས་ཤེས་གསལ་ལྟར་ན། ཏོག་གསར་གློ་ཚད་རིམས་ནད་འདི་བྱུང་བ་ནས་བཟུང་། རང་རེའི་ཞིང་ཆེན་གྱིས་ཀྲུང་ལུགས་སྨན་རྫས་ཀྱི་རིམས་ནད་སྔོན་འགོག་དང་སྨན་བཅོས། ཚན་རིག་ཞིབ་འཇུག་ལ་སོགས་པའི་ཐུན་མོང་མ་ཡིན་པའི་ལེགས་ཆ་དང་ནུས་པ་གང་ལེགས་ཀྱིས་བཏོན་ཏེ། ཀྲུང་ལུགས་སྨན་རྫས་ཀྱིས་ནད་ངོ་བཟུང་བའི་ནད་པར་སྨན་བཅོས་བྱས་ཚད་བརྒྱ་ཆ་90ལ་སླེབས་ཤིང་ཕན་ནུས་ཐོན་ཚད་བརྒྱ་ཆ་70ཙམ་ལ་སླེབས།

                ཟླ་2ཚེས་14ཉིན་གྱི་དུས་ཚོད་24བར་དུ། ཞིང་ཆེན་ཡོངས་སུ་སྡོམ་རྩིས་བྱས་པ་ལྟར་ན་ནད་ངོ་བཟུང་བའི་ནད་པ་470ཡོད། དེ་ལས་ནད་པ་425ལ་ཀྲུང་ལུགས་སྨན་རྫས་ཀྱིས་སྨན་བཅོས་བྱས་ཏེ། སྨན་བཅོས་བྱས་ཚད་བརྒྱ་ཆ་90ལ་སླེབས། ནད་པ་425ལ་སྨན་བཅོས་བྱས་རྗེས་ལུས་ཟུངས་ཉམས་པ་དང་། ཚ་བ་རྒྱས་པ། ལུ་བ་ལ་སོགས་པའི་ནད་གཞི་དྲག་སྐྱེད་བྱུང་བའི་ནད་པ་281ཡོད་པས། ཕན་འབྲས་ཐོན་ཚད་བརྒྱ་ཆ་70ཙམ་ལ་སླེབས། དེ་དང་དུས་མཚུངས་སུ་རང་རེའི་ཞིང་ཆེན་གྱིས་སྐོར་བདུན་བགོས་ཏེ་ཀྲུང་ལུགས་སྨན་པ་རྐང་འཛིན་པ་ཁྱོན་271ཧུའུ་པའེ་ལ་མངགས་ཏེ་སྨན་བཅོས་ཐད་ནས་རྒྱབ་སྐྱོར་བྱས་ཤིང་། ཀྲུང་ལུགས་སྨན་རྫས་ཀྱིས་ཏོག་གསར་གློ་ཚད་ཀྱི་ནད་པ་209ལ་སྨན་བཅོས་བྱས་པས། སྨན་ཁང་ནས་བུད་མཁན་56ཡོད་དེ་ཏོག་གསར་གློ་ཚད་ཀྱི་ནད་པ་རྣམས་ཀྱིས་གདེང་འཇོག་ཆེན་པོ་བྱས།

              རིམས་ནད་འཕེལ་ཚུལ་དང་བསྟུན་ཏེ་ཞིང་ཆེན་ཀྲུང་ལུགས་སྨན་རྫས་ཅུས་ཀྱིས་ཆེད་ལས་མཁས་ཅན་རྣམས་རྩ་འཛུགས་བྱས་ཏེ། ཀྲུང་ལུགས་སྨན་རྫས་ཀྱིས་རིམས་འགོག་སྨན་བཅོས་བྱེད་ཐབས་གཉིས་གཏན་འཁེལ་བྱས་པར་བསྟུད་མར་རིགས་པས་ཁུངས་སྐྱེལ་བྱེད་བཞིན་ཡོད་ཅིང་། སྤྱིར་བཏང་བ་དང་། ཕུང་བོ་ཞན་པ། བྱིས་པ་བཅས་ཀྱི་ནད་པ་ལ་དུས་རིམ་བགོ་བ་དང་ནད་ཀྱི་ཡང་ལྕི་ལྟར་དུ་སྨན་བཅོས་བྱེད་ཐབས་ཀྱི་གྲོས་གཞིའི་བཅོས་ཐོ་བཏོན། དུས་རིམ་སྔོན་གྱི་ནད་ཐོག་ཞིབ་འཇུག་བྱེད་པའི་རྨང་གཞི་ཐོག་སྨན་བཅོས་བྱེད་ཐབས་ངེས་པར་ཕན་པའི་ཏོག་གསར་ཨང་དང་བོ་དང་། ཨང་གཉིས་པ། ཨང་གསུམ་པ་ཞེས་པའི་སྨན་རྫས་བཏོན་པར་མ་ཟད། ཞིང་ཆེན་བཟའ་ཆས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་དང་མཉམ་དུ་ཆོག་མཆན་བཀོད་དེ། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་སྲོག་སྐྱོར་གཏན་འཁེལ་ས་ཚིགས་ཀྱི་སྨན་ཁང་གིས་སྡེབ་སྦྱོར་བྱས་ཏེ་བེད་སྤྱོད་ཆོག་པར་བྱས། མིག་སྔར་སྨན་ཁང་དེ་དག་གིས་ལས་སྣོན་ཐོན་སྐྱེད་བྱེད་པར་རྩ་འཛུགས་བྱེད་བཞིན་ཡོད་པ་དང་ཐོན་རྫས་དེ་དག་ཐོན་མ་ཐག་ཏུ་ཧུའུ་པའེ་ཝུའུ་ཧན་ལ་སོགས་པའི་ས་གནས་སོ་སོར་མྱུར་བར་སྐྱེལ་གྲབས་བྱེད་བཞིན་ཡོད་དོ།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།