བཞག་སྡོམ་གྲོང་རྡལ་གྱི་གྲོང་སྡེ་བརྒྱད་ཀྱིས་ཞལ་འདེབས་ཕུལ།

རྩོམ་པ་པོ།   གསང་བདག་སྒྲོལ་མ། དུས་ཚོད།   2020-02-17   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         ཟླ་2ཚེས་14ཉིན། མཛོད་དགེ་རྫོང་བཞག་སྡོམ་གྲོང་རྡལ་གྱི་གྲོང་སྡེ་8ཀྱི་ཀྲི་པུའུ་ཧྲུའུ་ཅི་དང་གྲོང་སྡེའི་ཀྲུའུ་རེན་བཅས་གྲོང་རྡལ་སྲིད་གཞུང་དུ་ཡོང་སྟེ། གྲོང་མི་ཚོའི་ཚབ་བྱས་ཏེ་རོགས་དངུལ་གྲོང་རྡལ་སྲིད་གཞུང་གི་ལས་བྱེད་མི་སྣ་ལ་སྤྲད་ནས་རིམས་ནད་ཁུལ་གྱི་མང་ཚོགས་ལ་བརྒྱུད་སྤྲོད་བྱས།   

        རྒྱུས་ལོན་པ་ལྟར་ན། རིམས་ནད་འདི་བྱུང་བ་ནས་བཟུང། གྲོང་མི་ཚོས་ཁ་པར་དང་བརྙན་འཕྲིན་སོགས་བརྒྱུད་དེ་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དཀའ་ཚེགས་ཤེས་རྟོགས་བྱུང་། ཁོང་ཚོས་རིམས་ནད་ཁུལ་གྱི་མང་ཚོགས་ལ་ཞལ་འདེབས་ཕུལ་ཏེ་རིམས་ནད་ལས་རྣམ་པར་རྒྱལ་བར་སྨོན་པ་བྱེད་ཀྱིན་འདུག

     མཐའ་བ་གྲོང་སྡེའི་ཀྲི་པུའུ་ཧྲུའུ་ཅི་ནོར་འཛིན་གྱིས། ཉེ་བའི་ལོ་འདི་དག་གི་རིང་ལ་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་གཟིགས་སྐྱོང་འོག ང་ཚོའི་འཚོ་བ་ཉིན་རེ་བཞིན་ཇེ་བཟང་དུ་འགྲོ་བཞིན་འདུག ད་སྐབས་མེས་རྒྱལ་ལ་དཀའ་ངལ་ཡོད་པས་ང་ཚོས་ཀྱང་རང་ནུས་ལྕོགས་ཚོད་ཀྱིས་མེས་རྒྱལ་ལ་དྲིན་ལན་འཇལ་འདོད། ང་ཚོའི་གྲོང་སྡེ་ཡོངས་ལ་ཁྱིམ་ཚང་107ཡོད་པ་དང་། རོགས་དངུལ་སྒོར་22773ཡོད།   

      བྲ་བོ་གྲོང་སྡེའི་ཏང་ཡོན་རྒན་པ་གཅོད་པ་དང་། ལས་འཁྱུར་ངལ་གསོ་པ་བཀྲ་ལོ་དང་རྒྱ་ཁོ། སྒེར་གཉེར་ཁྱིམ་ཚང་བཀྲ་ཤིས་འཚོ་དང་བཀྲ་ཤིས་རྣམ་རྒྱལ་སོགས་བཞག་སྡོམ་གྲོང་རྡལ་སྲིད་གཞུང་དུ་ཡོང་སྟེ། རང་ཉིད་ཀྱི་རོགས་དངུལ་རིམས་ནད་ཁུལ་ལ་ཇི་ལྟར་སྤྲོད་དགོས་པར་བློ་འདྲི་བྱས། གནས་ཚུལ་རྒྱུས་ལོན་བྱས་རྗེས་སྲིད་གཞུང་གི་ལས་བྱེད་མི་སྣས་ཁོང་ཚོའི་རོགས་དངུལ་དང་ལེན་བྱས། 

     བྲ་བོ་གྲོང་སྡེའི་ཏང་ཡོན་རྒན་པ་དགེ་ཐེ་ཡིས་མང་ཚོགས་ཀྱིས་ཞལ་འདེབས་ཕུལ་བ་ཤེས་རྗེས་རང་ཉིད་ཀྱི་ནུས་ཤུགས་ཕྲན་བུ་འདོན་དགོས་བསམས་མོད། འོན་ཀྱང་ཁོའི་རྐང་བའི་ལྷུ་ཚིགས་ལ་འདྲེད་སྐྱི་མེད་པས་གང་སར་འགྲོ་མི་ཐུབ། ཁོས་གྲོང་སྡེའི་རྩིས་གཉེར་བ་ལ་ཁ་པར་བཏང་ནས་རོགས་དངུལ་སྒོར་2000རྩིས་གཉེར་བའི་ལག་ཏུ་སྤྲད་དེ་རིམས་ནད་ཁུལ་ལ་སྤྲོད་རོགས་བྱེད་པར་རེ་ཞུ་བྱས།། 

     བཞག་སྡོམ་གྲོང་རྡལ་དུ་དགེ་ཐེ་དང་འདྲ་བའི་མང་ཚོགས་མང་པོ་ཡོད་ལ། ཟླ་2ཚེས་15ཉིན་གྱི་བར། བཞག་སྡོམ་གྲོང་རྡལ་གྱི་གྲོང་སྡེ་8ཀྱིས་རོགས་དངུལ་སྒོར་131044སྤྲད། 

          ཞལ་འདེབས་ད་ལྟ་ད་དུང་འབུལ་གྱིན་ཡོད་པས། བླ་མེད་ཀྱི་བརྩེ་བས་རིམས་འགོག་གི་གདོན་གེགས་མྱུར་དུ་སྒྲོལ་བར་བརྩོན་བཞིན་མཆིས་སོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།