མུ་མཐུད་གཟོབས། རྟའུ་རྫོང་གི་ཁྱིམ་ཚང་1གི་མི་10ལ་ནད་དེ་འགོས་འདུག

རྩོམ་པ་པོ།   དུས་ཚོད།   2020-02-14   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

           ཟླ་2ཚེས་12ཉིན་གྱི་ཆུ་ཚོད་24བར། སི་ཁྲོན་ཞིང་ཆེན་དུ་རིམ་རྩིས་བྱས་ན་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་འགོས་པ་གཏན་འཁེལ་བྱས་པའི་ནད་པ་451བྱུང་ཡོད་པ་རེད། དེའི་ནང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཉིན་གསུམ་རིང(ཟླ་2ཚེས་9ཉིན་ནས་ཚེས་11ཉིན་བར)ཏོག་གསར་གློ་ཚད་འགོས་པའི་ནད་དཔེ་19མང་དུ་ཕྱིན་པ་དང་། ནད་དཔེ་19དེ་དག་ཚང་མ་རྟའུ་རྫོང་ནས་ཡིན་པ་དང་། དེའི་ནང་གི་མི་18ནི་ཁག་སོ་སོར་ཁྱིམ་ཚང་གསུམ་གྱི་མི་ཡིན་པ་དང་། ཁྱིམ་ཚང་གཅིག་ལ་ནད་དཔེ་མང་ཤོས་ཏེ་མི་10ཡོད་པ་རེད། 

         དེའི་ནང་གི་ཁྱིམ་ཚང་Aསྟེ། ཟླ་1པའི་ཚེས་27ཉིན། ནད་པ་ཚངས་ཆེ་གེ་མོར་ཡི་ག་མེད་པ་དང་སྐྱུག་མེར་ལངས་པ། སྐྱུགས་པ་སོགས་ཀྱི་ནད་རྟགས་ཐོན་ནས་སྨན་བཅོས་བྱས་རྗེས་ལམ་སེང་ལོགས་སུ་བཀར་བ་མ་ཟད་འབྲེལ་བ་དམ་ཟབ་ཡོད་མཁན་ཚོར་ཡང་གྲལ་བཤེར་བྱས་ཡོད། 

       ཚེས་9ཉིན་དེའི་བུ་ཆེ་བ་དང་བཟའ་ཟླ་གཉིས་ཀར་རིམས་ནད་འགོས་ཡོད་པ་གཏན་འཁེལ་བྱས་པ་དང་། ཚེས་10ཉིན་ཨ་ནེ་འབྲིང་བ་དང་། ཚ་མོ། གཅེན་པོའི་མནའ་མ་བཅས་མི་གསུམ་ལ་ཡང་ནད་དེ་འགོས་པ་གཏན་འཁེལ་བྱས་པ། ཚེས་11ཉིན་དེའི་བཟའ་ཟླའི་ཨ་ཕ་དང་། གཅེན་པོ། བུ་ཆུང་བ། ཚ་བོ་བཅས་མི་བཞིར་རིམས་ནད་འགོས་ཟིན་པ་གཏན་འཁེལ་བྱས་ཡོད།

       ཁྱིམ་ཚང་Bསྟེ། ཟླ་2པའི་ཚེས་9ཉིན་ནད་པ་རིན་ཆེ་གེ་མོར་གསོ་རིག་ཞིབ་དཔྱད་ཚད་ལེན་བྱས་ནས་ནད་དཔེ་གཏན་འཁེལ་བྱས་པ་དང་། ཚེས་10ཉིན་དང་ཚེས་11ཉིན་ཁག་སོ་སོར་དེའི་གཅུང་མོ་དང་གཅེན་མོ་གཉིས་ཀར་ཞིབ་དཔྱད་བྱས་རྗེས་ནད་དེ་ཕོག་པ་གཏན་འཁེལ་བྱས་འདུག

        ཁྱིམ་ཚང་Cསྟེ། ཟླ་2པའི་ཚེས་9ཉིན་ནད་པ་རྡོ་ཆེ་གེ་མོར་ཞིབ་དཔྱད་ཚད་ལེན་བྱས་རྗེས་ནད་དེ་ཕོག་པ་གཏན་འཁེལ་བྱས་པ་དང་། ཚེས་11ཉིན་ཁོང་གི་ཕ་མ་གཉིས་དང་ཚ་བོ་ཚ་མོ་བཅས་མི་4ལ་ཞིབ་དཔྱད་ཚད་ལེན་བྱས་རྗེས་ནད་དེ་འགོས་པ་ཐག་བཅད་ཡོད་པ་རེད། 

        སི་ཁྲོན་དཀར་མཛེས་ཁུལ་རྟའུ་རྫོང་འཕྲལ་སྡོམ་བཀོད་འདོམས་པུས་བརྡ་ཁྱབ་བཏང་བར་གཞིགས་ན། ཟླ་2ཚེས་7ཉིན་ནས་ཚེས་9ཉིན་བར། རྟའུ་རྫོང་གིས་ནད་པ་དང་འབྲེལ་བ་དམ་ཟབ་ཡོད་པའི་མི་202ཚང་མ་གཅིག་བསྡུས་ཐོག་ལོགས་དབྱེ་བྱས་ནས་གསོ་རིག་ལྟ་ཞིབ་བྱས་པ་དང་འབྲེལ་ཚང་མ་དཔེ་དབྱིབས་འཚོལ་བསྡུ་དང་ཞིབ་བཤེར་བྱ་རྒྱུར་བསྐྱལ་ཡོད་པ་རེད། ཉིན་གསུམ་རིང་གསར་དུ་ཐོན་པའི་ནད་དཔེ་19ཚང་མ་ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་བཞིན་ཡོད།

        མིག་སྔར་རྟའུ་རྫོང་གི་རིམས་ནད་སྔོན་འགོག་གི་ཚོད་འཛིན་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་དངོས་ཟོག་གི་འགན་ལེན་འདང་ངེས་ཡོད་པ་མ་ཟད། སྤྱི་ཚོགས་ལས་རིགས་ཁག་གི་ཐུགས་ཁུར་དང་རོགས་རམ། དེ་བཞིན་ཞིང་ཆེན་དང་ཁུལ་ལས་དོན་ཚོགས་ཆུང་གི་བཀོད་སྒྲིག་འོག་སྨན་སྤྱོད་དངོས་ཟོག་མི་འདང་བའི་གནད་དོན་ཞི་ལྷོད་དུ་ཕྱིན་ཡོད།

         རྟའུ་རྫོང་གི་འཕྲལ་སྡོམ་བཀོད་འདོམས་པུས་ད་དུང་། ཁྱིམ་སྡོད་ལོགས་དབྱེའི་གསོ་རིག་ལྟ་ཞིབ་བྱ་ཡུལ་ཁག་གིས་རང་ཉིད་ལ་དོ་དམ་ནན་པོ་བྱེད་དགོས་པ་དང་། ཁང་པ་གཅིག་ནང་མི་སྡོད་པ་དང་ཟ་མ་མཉམ་ཟ་མི་བྱེད་པ། བར་ཐག་ཉེ་དྲགས་མི་རུང་བ། ཁང་པའི་ནང་རླུང་འཁོར་རྒྱུག་བྱེད་པ། ལག་པ་གཙང་མ་འཁྲུ་བ། དུག་སེལ་ནན་པོ་བྱེད་པ། ཁ་རས་གྱོན་པ། འགྲོ་འོང་དང་འདུ་འཛོམས་མི་བྱེད་པ་བཅས་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།