ཧུང་ཡོན་རྩྭ་ཐང་དུ་བྱུང་བའི་མེ་སྐྱོན་གྱི་མེ་རོ་ཡང་བསྐྱར་འབར།

རྩོམ་པ་པོ།   དུས་ཚོད།   2020-02-14   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           རྔ་བའི་གསར་འགྱུར་དྲ་བའི་འཕྲིན།( གསར་འགོད་པ་མགོན་པོ་ཚེ་བརྟན།)ཟླ་2ཚེས་12ཉིན་གྱི་དུས་ཚོད་13དང་སྐར་མ་20སྟེང་རང་ཁུལ་གྱི་ཧུང་ཡོན་རྫོང་སྦྲ་ཆེན་གྲོང་རྡལ་རི་རྒན་སྡེ་བའི་རྩྭ་ཐང་ལ་མེ་སྐྱོན་བྱུང་བ་དང་། རྩྭ་ཐང་སྐམ་ཞད་ཆེ་བ་དང་དེའི་ཁར་རླུང་ཆེན་པོ་གཡུག་བཞིན་ཡོད་པས། ས་མུའུ་4000ལྷག་གི་རྒྱ་ཁྱོན་མེ་ཡིས་འཚིག་པ་རེད། མཚན་མོའི་དུས་ཚོད་10ཡས་མས་སུ་མེ་གསོད་ཐུབ་ཡོད་ཀྱང་། ཚེས་13ཉིན་གྱི་དུས་ཚོད་13དང་སྐར་མ་13སྟེང་མེ་སྐྱོན་བྱུང་ཡུལ་གྱི་དྲོད་ཚད་སླར་ཡང་རྒྱས་ནས་མེ་རོ་ཡང་བསྐྱར་འབར། རྒྱུས་ལོན་པ་ལྟར་ན། མིག་སྔར་ཐེངས་གཉིས་པའི་མེ་གསོད་བཞིན་ཡོད་ལ།  སི་ཁྲོན་ནགས་ཚལ་མེ་འགོག་སྤྱི་ཁྱབ་རུ་ཁག་རྔ་བའི་ཡན་ལག་རུ་ཁག་དང་ས་གནས་དེ་གའི་མང་ཚོགས་བཅས་ཁྱོན་བསྡོམས་མི་700ལྷག་མེ་གསོད་དུ་ཞུགས། 

       ཟླ་2ཚེས་12ཉིན་གྱི་དུས་ཚོད་13ནས་དུས་ཚོད་24རིང་དུ་བསད་ཚར་བའི་མེ་རོ་ཡང་བསྐྱར་ཐེངས་གཉིས་ལ་འབར་ཀྱང་མེ་གསོད་རུ་ཁག་དང་ཉེན་རྟོག་པ། ས་དེའི་མང་ཚོགས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་པས། མི་དང་ཕྱུགས་ཟོག་སོགས་ལ་ཤི་རྨས་ཐེབས་མེད་པར་མ་ཟད།  ཁང་བ་དང་ཕྱུགས་ལས་སྒྲིག་བཀོད་ལའང་གནོད་སྐྱོན་ཐེབས་མེད།

        མེ་ཤོར་སའི་གནམ་གཤིས་དྲོ་རུ་ཕྱིན་པ་དང་རླུང་ཤུགས་ཆེ་རུ་ཕྱིན་པས་མེ་རོ་ཡང་བསྐྱར་འབར། མེ་གསོད་པ་ཚོས་ཡང་བསྐྱར་ནུས་ཤུགས་ཡོད་རྒུ་བཏོན་ནས་མེ་བསད་པ་དང་། ཁོང་ཚོས་མཚན་གང་བོར་ངལ་གསོ་མ་བྱས་པས་ལུས་པོ་རྔུལ་ཆུས་བརླན་ཅིང་མིད་པ་སྐམ་ནས་སྐད་ཆ་ཀྱང་བཤད་མི་ཐུབ་མོད། འོན་ཀྱང་སྔར་བཞིན་དཔའ་ངར་ཆེར་བསྐྱེད་ཀྱིས་མེ་གསོད་ཀྱི་ལས་ལ་རེམ་བཞིན་ཡོད།

          ཧུང་ཡོན་རྫོང་འཕྲལ་བསྟུན་དོ་དམ་ཅུས་ཀྱི་ཅུས་ཀྲང་ལུའོ་ཧུང་གིས། མིག་སྔའི་བར་དུ། ས་དེའི་མེ་གསོད་མི་སྣས་འབར་ཉེན་ཆེ་བའི་མེ་རོ་གསོད་བཞིན་པ་དང་། དུ་བ་འཕྱུར་སར་ཆུ་ལྡུག་པ། མེ་རོ་ཡང་བསྐྱར་འབར་བར་ལྟ་ཞིབ་ནན་མོ་བྱེད་བཞིན་ཡོད་ཅེས་བཤད་དོ།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།