༄། ཏོག་གསར་གློ་ཚད་སྐོར་གྱི་གསར་འགྱུར་དང་ཤེས་བྱ་ཕྲན་བུ།

རྩོམ་པ་པོ།    ཛམ་ཐང་བ་ལྕགས་མདས་བསྒྱུར།དུས་ཚོད།   2020-02-14   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

༄། ཏོག་གསར་གློ་ཚད་སྐོར་གྱི་གསར་འགྱུར་དང་ཤེས་བྱ་ཕྲན་བུ།

      དེ་ལ་ཏོག་གསར་གློ་ཚད་འདི་ཇི་ལྟར་མིའི་ལུས་ཐོག་ཏུ་འགོས་ཚུལ་རྣམས་གཞན་དུ་ཤེས་པར་བྱ་ལ། འདིར་རང་རེ་རྣམས་ཀྱིས་ཅིས་ཀྱང་དོ་གཟབ་དགོས་པའི་གནས་ཚུལ་འགའ་ཞིག་བརྗོད་པར་བྱའོ།།

      དང་པོ། ཏོག་གསར་གློ་ཚད་འདི་ཇི་ལྟར་མི་དང་མིའི་དབར་ལ་འགོ་མཆེད་བྱེད་དམ་ཞེ་ན། འདི་ལ་གསུམ་སྟེ། ཐད་ཀའི་འགོ་མཆེད་དང་། རེག་ཐུག་གི་འགོ་མཆེད་དང་། རླངས་ཞུ་སྤྱིན་གྱི་འགོ་མཆེད་བཅས་སོ།།

      གཅིག ཐད་ཀའི་འགོ་མཆེད་དེ། ཏོག་གསར་གློ་ཚད་ནད་པས་ཧབ་སྦྲིད་བརྒྱབ་པ་དང་། ལུ་བ་དང་། སྐད་ཆ་བཤད་པ་སོགས་ཀྱི་སྐབས་སུ་ཁ་སྣ་ནས་འོངས་པའི་མཆིལ་ཟེགས(飞沫)དང་། དབུགས་འབྱིན་པའི་རླངས་པ་བཅས་ཐག་ཉེ་བར་གནས་པའི་ནད་མེད་མིའི་ཁ་སྣར་རྔུབས་པའམ། སོང་བ་ལས་འགོ་བར་འགྱུར་བའོ།།

     གཉིས།རེག་ཐུག་གི་འགོ་མཆེད་དེ། ཏོག་གསར་གློ་ཚད་ནད་པའི་ཁ་སྣ་ལས་འོངས་པའི་མཆིལ་ཟེགས་ཅ་ལག་དང་། གྱོན་པ་སོགས་ཀྱི་ཕྱི་ངོས་སུ་འབྱར་བ་དེར། ནད་མེད་མིའི་ལག་པས་རེག་པ་ན། ནད་དུག་ལག་པར་འབྱར་བ་དང་། ལག་པས་ཐད་ཀར་རང་གི་ཁ་སྣ་མིག་ལ་སོགས་ལ་རེག་པ་ལས་འགོ་བར་འགྱུར་བའོ།། 

      གསུམ། རླངས་ཞུ་སྤྱིན་གྱི་འགོ་མཆེད་དེ། འདི་ལ་རྒྱ་སྐད་དུ་(汽溶胶)ཟེར་ལ། བོད་ཡིག་ཏུ་རླངས་ཞུ་སྤྱིན་ཞེས་མཁས་པས་བསྒྱུར། འགོ་མཆེད་འདི་ཇི་ལྟ་བུ་ཞིག་གམ་ཞེ་ན། ཏོག་གསར་གློ་ཚད་ནད་པའི་མཆིལ་ཟེགས་མཁའ་དབུགས་ནང་མཉམ་འདྲེས་བྱེད་པ་དང་། མཉམ་འདྲེས་བྱས་པ་དེ་སྲ་རྣམ་(固态)དང་གཤེར་རྣམ་(液态)གྱི་རྡུལ་ཕྲ་མོར་གྱུར། དེ་ལ་རླངས་ཞུ་སྤྱིན་ཞེས་བྱ།

     འཇལ་བྱེད་ཝེ་སྨི་གཅིག་ཙམ་ཡོད་པའི་རླངས་ཞུ་སྤྱིན་རྡོག་པོ་གཅིག་རླུང་མི་གཡུག་པའི་མཁའ་དབུགས་ཞི་འཇགས་ཁྲོད་དུ་དུས་ཚོད་གཅིག་ཙམ་གྱིས་སར་ལྷུང་ནའང་། རླུང་གཡུག་པའི་ཁོར་ཡུག་ཏུ་དེ་ཉིད་སར་མི་ལྷུང་བར་མཁའ་དབུགས་ཁྲོད་ཡུན་རིང་པོར་གནས་པར་བཤད། དཔེར་ན། ཐ་མག་འཐེན་པའི་རྗེས་སུ་དུད་དྲི་ལུས་ནས་ཡུན་རིང་ལ་མི་ཡལ་བ་ལྟ་བུ་དང་འདྲ་ཞེས་སྨྲ། མཆིལ་ཟེགས་ཉིང་(飞沫核)དུ་གནས་པའི་ནད་དུག་ལ་སྤྲི་དཀར་རྫས་ཀྱི་ཕྱི་ཤུན་ཡོད་པས། ཡུན་རིང་ལ་གསོན་ཐུབ་པ་དང་། ཇི་ལྟར་ཆུང་ཞིང་ཡང་ན་དེ་ལྟར་མཁའ་དབུགས་ཁྲོད་གནས་ནས་སར་མི་ལྷུང་བར་བཞེད། འདི་ཉིད་རླུང་གིས་ཁྱེར་ཏེ་མིའི་ཁ་སྣ་སོགས་སུ་སོང་ན། ནད་དུག་འགོ་བའི་ཚོད་དཔག་བྱེད་འདུག་ལ། ནད་དུག་ཅན་གྱི་མིའི་སྐྱག་པ་ལས་འགོ་མིན་ཟེར་བའང་ཁུངས་འདི་ལ་ཐུག་པར་བཞེད། འོན་ཏེ། འགོ་ལམ་འདི་ད་རུང་ཚོད་ལྟ་དང་ཞིབ་འཇུག་གི་སྒང་དུ་ཡོད་པས། དེ་འདྲའི་སེམས་འཚབ་དང་དངངས་སྐྲག་ཀྱང་མི་དགོས་ཞེས་ཟེར་རོ།།

      གཉིས་པ། འགོ་ལམ་འདི་དག་ཇི་ལྟར་སྔོན་འགོག་བྱེད་དམ་ཞེ་ན། ཀུན་གྱིས་རང་སྲུང་གཞན་སྲུང་གི་བསམ་པ་བསྐྱེད་དེ། དོན་ཚན་བཅུ་གསུམ་ཙམ་ལ་གཟབ་པར་བྱ་སྟེ།

       ༡ ཅིས་ཀྱང་མི་འགྲོ་ཐབས་མེད་རེ་མེད་ན། སྒོ་རུ་མི་འབུད་པར་རང་ཁྱིམ་དྲོན་མོར་བཞུགས་པ་སྟེ། འདི་ནི་སྔོན་འགོག་ཐམས་ཅད་ལས་ཆེས་མཆོག་ཏུ་གྱུར་པ་དེ་ཡིན་པར་བཤད་དོ།།

      ༢ གལ་ཏེ། ངེས་པར་ཕྱི་ལ་འགྲོ་དགོས་ན་ཁ་རས་ཡང་དག་པར་གྱོན་པའོ།། ཕྱི་ལ་གྱོན་པའི་ལྷམ་སྒོའི་ཕྱིར་ཕུད་དེ། ཁྱིམ་དུ་མི་འཁྱེར་བའོ།།

      ༣ ལོ་སར་དང་། དགྱེས་འཛོམས་དང་། ཆོས་ཚོགས་སོགས་མི་མང་འདུས་ཚོགས་མི་བྱེད་པ་དང་། དེ་ལ་གཡོལ་ཐབས་བྱེད་པའོ།།

      ༤ ལག་པ་བཀྲུ་བ་སྟེ། ཕྱི་ནས་ཁྱིམ་དུ་འོངས་པའམ། སྤྱོད་ཁང་དུ་སོང་རྗེས་དང་། གཞན་གྱི་དངོས་པོར་རེག་རྗེས་དང་། ཟ་མ་གཡོ་དུས་སམ། ཟ་མ་ཟ་དུས་དང་། ལག་པས་ཁ་སྣབས་འཕྱིས་རྗེས་སོགས་སུ་འདག་ཆལ་གྱིས་ལག་པ་གཙང་མར་བཀྲུའོ།།

      ༥ བར་མཚམས་བར་མཚམས་སུ་ཁྱིམ་གྱི་སྒེའུ་ཁུང་ཕྱེས་ཏེ། མཁའ་དབུགས་གསར་བ་དང་། ཉི་འོད་འཕྲོ་བར་བྱ་བའོ།།

      ༦ མི་དང་ཐུག་ན་ཁ་བརྡ་ཉུང་ཙམ་དང་། གལ་ཏེ་ངེས་པར་ཁ་བརྡ་དགོས་ན། བར་ཐག་ཅུང་བཀྱེད་དེ་ཁ་བརྡ་བྱེད་པ་དང་། ལག་འཇུ་མི་བྱེད་པའོ།།

      ༧ ཆང་མི་འཐུང་བ་དང་། ཁྱད་པར་དུ་ཐ་མག་མི་འཐེན་པའོ།།

      ༨ ཁྱིམ་གྱི་ཟ་ཐུར་དང་། ཅ་ནེ་དང་། སྡེར་མ་སོགས་གཅིག་སྤྱོད་མི་བྱེད་པ་དང་། དེ་དག་ཆུ་གདུ་བའི་ནང་དུ་བཀྲུ་བའོ།།

      ༩ ཁྱིམ་དུའང་ཕག་ལྟར་ཉལ་ནས་མི་འདུག་པར་དུས་ལྟར་ཉལ་ཞིང་། དུས་ལྟར་ཡར་ལངས་པ་དང་། ཁ་ལག་གཙང་མར་བཀྲུ་བ་དང་། འཚོ་བཅུད་ལྡན་པའི་ཟ་མ་དུས་སུ་ཟ་བ་དང་། རབ་ན་དཔེ་ཀློག་དང་དགེ་སྦྱོར་སོགས་ལ་འབད་པའོ།།

      ༡༠ གལ་ཏེ། ཆང་བཅུད་75°པ་རེ་ཡོད་ན། སྒོ་ཁྱིམ་ཕྱི་ནང་དང་། སྤྱོད་ཁང་དང་། དེ་མིན་འདུག་སྟེགས་སོགས་ལ་དུག་སེལ་བྱ་དགོས་ལ། འདིས་མེ་སྐྱོན་ཡང་སློང་བས་སྟབས་གཟབ་བྱ་དགོས་པའོ།།

      ༡༡ གལ་ཏེ་ཉེ་ལམ་ཕྱི་ལོགས་ནས་འོངས་པའི་མི་ཡིན་ན། འབྲེལ་ཡོད་ཀྱི་ཞིབ་བཤེར་དང་ལེན་དགོས་ལ། དོན་དངོས་གནས་ཚུལ་ཡང་དག་པར་བཤད་དགོས། གལ་ཏེ། ལོགས་སུ་བཀར་ནས་ལྟ་དཔྱད་དགོས་ན། ངེས་པར་རང་འགུལ་གྱིས་དང་ལེན་ཞུ་དགོས་པའོ།།

      ༡༢ གལ་ཏེ། རང་ཁྱིམ་དུ་བཀར་བའི་མི་སྣ་(居家隔离人员)ཡིན་ན། ཁྱིམ་ཚང་གཞན་དུ་མི་འགྲོ་བ་དང་། ཆ་རྐྱེན་ལྡན་ན་རང་གི་ཁྱིམ་མི་ཚོ་དང་ཁ་ཁར་བསྡད་པའོ། །

     ༡༣ གལ་ཏེ། རང་གི་ཁྱིམ་ཚང་དུ་ཚ་བ་རྒྱས་པ་དང་། སྐམ་ལུ་བྱེད་པ་སོགས་ཀྱི་ནད་རྟགས་ཡོད་མཁན་ཡོད་ན། རང་འགུལ་གྱིས་གཞན་ལ་འབྲེལ་འདྲིས་མི་བྱེད་པར་ཁ་རས་གྱོན་ཏེ། རང་དང་ཆེས་ཁ་ཐག་ཉེ་བའི་སྨན་ཁང་གི་ཚ་དྲོད་སྒོ་བསྟེན་དུ་འགྲོ་དགོས་ལ། གལ་ཏེ། དངོས་གནས་ཏོག་གསར་གློ་ཚད་ཡིན་ན། སྨན་པའི་ངག་ལ་ཉན་ཞིང་། སྨན་བཅོས་ཡང་དག་པར་བྱ་དགོས་པ་བཅས་སོ།།

       གཞན་འདིར་འགའ་རེས་ཏོག་གསར་ནད་དུག་འགོས་མ་ཐག་པ་ནས་ནད་རྟགས་ཕྱིར་མངོན་པར་འགྱུར་རམ་ཞེས་འདྲི་མོད། ནད་རྟགས་དེ་མ་ཐག་པ་ནས་ཕྱིར་མངོན་ན་ནད་ཡོད་མེད་ཤེས་པ་སླ་བས་ཤིན་ཏུ་ལེགས་མོད། དེ་ལྟ་མ་ཡིན་པར་ཐུང་ན་ཉིན་གསུམ་དང་། རིང་ན་ཉིན་བཅུ་བཞི་དང་བཅོ་ལྔ་ཙམ་དང་། མང་ཆེ་བར་ཉིན་གསུམ་ནས་ཉིན་བདུན་བར་དུ་བག་ལ་ཞ་སྟེ། ནད་རྟགས་ཕྱིར་མི་མངོན་ནོ།། ནད་རྟགས་ཕྱིར་མ་མངོན་ནའང་གཞན་ལ་བསྒོ་ཐུབ་པར་བཤད་པས། ཅིས་ཀྱང་གོང་བཀོད་སྔོན་འགོག་གི་ཤེས་བྱ་རྣམས་ལ་བསླབས་ནས་རང་སྲུང་གཞན་སྲུང་བྱ་རྒྱུ་གལ་ཆེའོ།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།