རིམས་ནད་འགོག་སྲུང་གི་མདུན་དུ། མི་བུ་རེ་རེར་འགན་ཁུར་ཡོད།

རྩོམ་པ་པོ།   དུས་ཚོད།   2020-02-14   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།


དཔྱད་གཏམ་ཐུང་ངུ་།


            ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འགན་འཁུར་མི་སྣས་ཚེས་12ཉིན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རུ་བཤད་རྒྱུར། ལོ་སར་གྱི་རྗེས་སུ་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱེད་ཚད་ཇེ་མང་དང་མི་སྣ་འགྲོ་འོང་བྱེད་ཚད་ཇེ་མང་དུ་གྱུར་བ་དང་བསྟུན། རིམས་ནད་འགོག་སྲུང་གི་གནས་བབ་ཀྱང་སྔར་བས་ཛ་དྲག་ཏུ་ཕྱིན་ཡོད་པས། དོགས་ཟོན་ལ་ལྷོད་གཡེང་གཏན་ནས་གཏོང་མི་རུང་ཞིང་། མི་རེ་རེ་ནི་རིམས་ནད་འགོས་མཆེད་སྔོན་འགོག་གི་སྒོ་སྲུང་བའམ་ཡང་ན་འགན་ཁུར་བའི་དྭངས་མ་ཡིན་ཏེ། འདུ་ཤེས་འདི་འདྲ་ཞིག་ཡོད་ན་ད་གཟོད་རིམས་ནད་འགོག་སྲུང་གི་གཡུལ་འགྱེད་ལས་རྣམ་པར་རྒྱལ་ཐུབ།    

           ལོ་འགོ་ཚུགས་པ་ནས་བཟུང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཐོལ་གྱིས་བྱུང་བ་དང་། རྒྱལ་ཡོངས་གོང་འོག་ཚང་མས་ནུས་ཤུགས་ཡོད་རྒུས་རིམས་ནད་འགོག་སྲུང་གི་ལས་དོན་རིམ་པ་བཞིན་དོན་འཁྱོལ་བྱས་ཤིང་། གྲོང་གསེབ་ནས་ཚོ་ཁུལ་བར་ཚང་མ་གཟུགས་མེད་ཀྱི་གཡུལ་འགྱེད་དེའི་ནང་ཞུགས་ཡོད། ཉེ་བའི་ཉིན་འགའི་རིང་རིམས་ནད་ཀྱི་གནས་བབ་གསར་པའི་མདུན་དུ་ས་གནས་ཁག་གིས་འགོག་སྲུང་གི་ལས་དོན་སྤེལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། འུ་ཅག་གི་གནས་བབ་འདི་ད་དུང་ལྷོད་གཡེང་དུ་གཏོང་ཆོག་པའི་དུས་མཚམས་ཤིག་ཏུ་གཏན་ནས་སླེབས་མེད་པ་གསལ་བསྒྲགས་བྱས། ས་གནས་ཁག་གིས་མི་སྣ་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་དུད་ཚང་རེ་རེ་བཞིན་གྲལ་བཤེར་ཞིབ་ཚགས་བྱས་ཏེ་འགོག་སྲུང་གི་ལས་ཀ་རྒྱ་ཆེར་སྤེལ་བ་དང་། བཀག་སྡོམ་རྣམ་པའི་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པའི་འགོག་སྲུང་བྱ་ཐབས་དེས་ནི་ནད་ཡམས་མུ་མཐུད་དུ་མཆེད་རྒྱུར་བཀག་འགོག་བྱེད་པར་ནུས་པ་ཆེན་པོ་ཐོན་ཡོད་པར་གདོན་མི་ཟ། 

         ནད་དུག་གིས་མིའི་རིགས་ཀྱི་སྤྱི་ཚོགས་ལ་སྦྱིན་པའི་འཇིགས་སྣང་ཆེ་ཤོས་དེ་ནི་ཕན་ཚུན་ལ་འགོས་སྲིད་པ་དེ་ཡིན། ནད་དུག་འགོག་སྲུང་གི་ལས་དོན་ལ་ལྟད་མོ་བ་མེད་ཅིང་། མི་རེ་རེ་ནི་འགོག་སྲུང་བ་ཡིན།    

         གནས་ཚུལ་མི་ཉུང་བ་ཞིག་ཏུ་འདུ་འཛོམས་དང་གསོལ་སྟོན་གྱིས་མི་མང་པོ་ཞིག་ལ་འགོས་ནད་ཕོག་པར་བཤད་འདུག འདི་ནི་འགོག་སྲུང་བྱེད་ཐབས་ཇེ་དྲག་ཏུ་གཏོང་དགོས་པའི་རྩ་བའི་རྒྱུ་རྐྱེན་ཡིན། 

         འགོག་སྲུང་གི་ལས་དོན་ལ་ནུས་ཤུགས་འདོན་པར་ཡུལ་དངོས་སུ་ཞུགས་མ་ཐུབ་ཀྱང་སྔར་བཞིན་བྱས་རྗེས་ཆེན་པོ་འཇོག་ཐུབ་ཀྱིན་ཡོད། འུ་ཅག་གིས་བསྒྲུབ་ཐུབ་པ་ནི། དཔེར་ན་རང་ཁྱིམ་དུ་བསྡད་དེ་སྒོ་ཕྱིར་མི་འགྲོ་བ་དང་། འདུ་འཛོམས་མི་བྱེད་པ་བཅས་ཏེ། འདི་ནི་རང་ཉིད་ལ་འགན་ཁུར་བ་ཞིག་ཡིན་པར་མ་ཟད། རིམས་ནད་འགོས་མཆེད་ཀྱི་འགོག་སྲུང་ལ་ཡང་ལེགས་སྐྱེས་ཕུལ་བ་རེད།    

དུས་སྐབས་དམིགས་བསལ་བ་ལ། ཐབས་ཇུས་ཀྱང་ཁྱད་པར་བ་ཞིག་ཡོད་དགོས། སྡོད་ཁུལ་དང་ཚོ་ཁུལ་དུ་བཀག་སྡོམ་རྣམ་པའི་དོ་དམ་བྱས་ཚེ་འཚོ་བའི་ཕྱོགས་གང་ཐད་ནས་སྟབས་བདེ་མིན་པ་ཞིག་ཏུ་འགྱུར་སྲིད་མོད། སྐབས་འདིར་ཁྲིམས་སྲོལ་ལེགས་པར་བརྩི་སྲུང་དང་དོ་དམ་དང་ལེན་ཞུ་བ་ནི་མི་རེ་རེ་ངེས་པར་བསྒྲུབ་དགོས་པའི་འགན་འཁྲི་རེད། རིམས་ནད་འགོག་སྲུང་གི་འགག་རྩའི་དུས་མཚམས་སུ་འདུ་འཛོམས་མི་བྱེད་པ་དང་སྒོ་ཕྱིར་མི་བསྐྱོད་པ་ནི་རང་ཉིད་ལ་འགན་ཁུར་བ་ཞིག་ཏུ་མ་ཟད། ཡུལ་དངོས་སུ་སྲོག་བསྡོས་ཀྱིས་འབད་འབུངས་བྱེད་པའི་མི་ལ་སེམས་ཁྲལ་དང་ཁུར་བོ་ཉུང་དུ་གཏོང་བ་ཞིག་ཡིན།

       སྐབས་འདིར་ང་ཚོས་འདུ་འཛོམས་མི་བྱེད་པར། རང་རང་ཁྱིམ་དུ་ལེགས་པར་སྡོད་པ་ནི། ནད་ཡམས་ཡལ་རྗེས་ཀྱི་ཉིན་མོ་ལ་རེ་སྒུག་བྱེད་པ་ཞིག་དང་། མཛེས་སྡུག་རྣམ་པར་བཀྲ་བའི་དུས་ཚིགས་ཤིག་ལ་རེ་སྒུག་བྱེད་པ་ཡིན། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།