མཛོད་དགེ་རྫོང་སྨན་ཁང་གིས་སྤྱིར་བཏང་གི་ནད་པར་བློ་བདེ་ཡོང་པར་བྱས།

རྩོམ་པ་པོ།   གྲགས་པ་བསྟན་འཛིན།དུས་ཚོད།   2020-02-13   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་པ་ནས་བཟུང་མཛོད་དགེ་རྫོང་མི་དམངས་སྨན་ཁང་གིས་སྔོན་བཤེར་དབྱེ་བཅོས་ས་ཚིགས་དང་། ཚ་རྒྱས་སྒོ་བསྟེན་སྨན་བཅོས་ཁང་། ལོགས་བཀར་ཁང་བཅས་བཙུགས་ནས་གཟུགས་པོའི་དྲོད་ཚད་རྒྱུན་ལྡན་མིན་པའི་ནད་པར་དམིགས་བསལ་གྱི་བགྲོད་ལམ་བཏོད་དེ་སྤྱིར་བཏང་གི་ནད་པར་བློ་བདེ་པོའི་ངང་སྨན་བཅོས་ཐུབ་པར་བྱས། 

          མཛོད་དགེ་རྫོང་མི་དམངས་སྨན་ཁང་གིས་བགྲོད་ལམ་གཙོ་བོའི་སྒོ་བརྒྱབ་ནས་མྱུར་སྐྱོབ་རླངས་འཁོར་ཁོ་ན་ལས་བསྐྱོད་མི་ཆོག་པ་བྱས་པ་དང་། ནད་པ་དང་ནད་པའི་ནང་མི་ངེས་པར་དུ་ཞིབ་དཔྱད་ཚད་ལེན་གྱི་བགྲོད་ལམ་བརྒྱུད་དེ་སྨན་ཁང་དུ་འཛུལ་དགོས་དང་། སྨན་བཅོས་མི་སྣས་སྨན་ཁང་དུ་ཡོང་གྱི་མི་ཡོངས་ཀྱི་ལུས་དྲོད་ལ་ལྟ་ཞིབ་ཚད་ལེན་བྱེད་བཞིན་འདུག དཔེར་ན་ལུས་དྲོད་ལ་ལྟ་ཞིབ་ཚད་ལེན་བྱེད་སྐབས་རྒྱུན་ལྡན་མིན་པ་མཐོང་ཚེ་འབྲེལ་ཡོད་མི་སྣ་ཚ་རྒྱས་སྒོ་བསྟེན་སྨན་བཅོས་སུ་བསྐྱལ་རྒྱུ་དང་བརྒྱུད་རིམ་ཧྲིལ་པོར་སྨན་ཁང་གི་ཚོམས་ཆེན་མ་བརྒྱུད་པར་དམིགས་བསལ་བགྲོད་ལམ་བརྒྱུད་དེ་སྨན་ཁང་གི་མཐའ་སྐོར་ནས་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་བསྐྱོད་དེ་སྔར་བས་ཞིབ་བཤེར་བྱེད་དགོས་འདུག

          མཛོད་དགེ་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ལི་ཁྲུང་ཝུན་གྱིས། ད་ཐེངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་བརྒྱུད་རིམ་ནང་ང་ཚོའི་སྨན་ཁང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་སྨན་ཁང་གི་ཚ་རྒྱས་སྒོ་བསྟེན་སྨན་བཅོས་དང་སྔོན་དཔྱད་ཁག་བགོས་སྨན་བཅོས་ཀྱི་བརྒྱུད་རིམ་ལེགས་སྒྲིག་བྱས་པ་དང་སྨན་ཁང་ཡོངས་ཀྱི་སྨན་པའི་བགྲོད་ལམ་དང་ནད་པའི་བགྲོད་ལམ་ཚང་མར་འཆར་འགོད་གསར་པ་ཞིག་བཟོས་ཡོད་ཅེས་བཤད། 

          གསར་འགོད་པས་རྒྱུས་ལོན་པ་ལྟར་ན། སྨན་ཁང་གིས་གནས་སོ་སོ་ན་དུས་ཐོག་ཏུ་དུག་སེལ་གཤེར་ཁུ་སྤྱད་དེ་གཙང་སྦྲ་བྱས་ནས། སྒོ་རའི་ནང་གི་ཁོར་ཡུག་གི་བདེ་འཇགས་ལ་འགན་ལེན་བྱས་ཏེ་སྨན་པ་བསྟེན་པར་ཡོང་མཁན་གྱི་སྤྱིར་བཏང་གི་ནད་པ་རྣམས་ལ་བློ་བདེའི་ངང་སྨན་བཅོས་བྱེད་པའི་ཁོར་ཡུག་ཅིག་མཁོ་འདོན་བྱས་འདུག 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།