ཝུན་ཁྲོན་གྱིས་ཝུའུ་ཧན་ལ་དྲིན་འཇལ་བའི་སྔོ་ཚལ་རྒྱ་མ་ཁྲི་14བསྐྱལ་ཡོད།

རྩོམ་པ་པོ།   བསོད་ནམས་སྐྱིད།དུས་ཚོད།   2020-02-12   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

             ཟླ་2ཚེས་5ཉིན་གྱི་ཆུ་ཚོད་10སྟེང་། ཝུན་ཁྲོན་རྫོང་སན་ཅང་གྲོང་རྡལ་གྱི་གྲོང་མི་རྣམས་ཀྱིས་རང་མོས་ངང་ཞལ་འདེབས་སུ་ཕུལ་ཏེ་ཉོ་སྒྲུབ་བྱས་པའི་སྔོ་ཚལ་རྒྱ་མ་ཁྲི་14བདེ་བླག་ངང་ཝུའ་ཧན་གྲོང་ཁྱེར་ཝུའུ་ཁྲང་ཁུལ་དུ་འབྱོར་ཡོད།

ཝུའུ་ཧན་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་འགོག་འབྲེལ་ཡོད་སྡེ་ཚན་གྱི་བླང་བྱ་ལ་གཞིར་བཟུང་། ཝུའུ་ཧན་གྲོང་ཁྱེར་ཝུའུ་ཁྲང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དེ་ད་ཐེངས་ཀྱི་སྔོ་ཚལ་ཞལ་འདེབས་བྱས་པའི་བསྡུ་ལེན་ཚན་པ་ཡིན་པའི་ངོས་ནས། ཝུའུ་ཁྲང་ཁུལ་མྱུར་བགྲོད་གཞུང་ལམ་གྱི་སྒོར་འབུད་ས་རུ་བསྡུ་ལེན་ས་ཚིགས་ཆེད་དུ་བཙུགས་ཡོད་པ་དང་། དེ་མིན་ས་གནས་དེ་གར་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་སྤེལ་བ་རེད། ཞལ་འདེབས་ཐོབ་པའི་ཝུའུ་ཀང་སྨན་ཁང་གི་འཐུས་མིས་དཀའ་ངལ་ཆེ་བའི་དུས་སྐབས་སུ་ཝུན་ཁྲོན་གྱི་ཡུལ་མི་སྤུན་ཟླས་རོགས་སྐྱོར་གྱི་ལག་ཟུང་བསྐྱངས་ཏེ་ཝུའུ་ཧན་མི་དམངས་དང་དཀའ་སྡུག་མཉམ་ཁུར་བྱས་པས་ཀྲུང་ཧྭའི་བུ་བུ་མོ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ཤ་རུས་ཀྱི་བརྩེ་དུང་མཚོན་ལ་ཝུའུ་ཧན་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད་ཟེར། 

              མིག་སྔར། ཝུན་ཁྲོན་རྫོང་གི་སྐྱེལ་འདྲེན་མི་སྣ་དང་ཝུའུ་ཧན་ས་གནས་ཀྱི་བསྡུ་ལེན་སྡེ་ཚན། དང་བླངས་པ་བཅས་ཀྱིས་མཉམ་དུ་འབད་བརྩོན་བྱས་མཐར། སྔོ་ཚལ་ཚང་མ་ཝུའུ་ཧན་ཝུའུ་ཀང་སྨན་ཁང་དང་ཕུའུ་རེན་སྨན་ཁང་སོགས་སྨན་ཁང་6ལ་སྤྲད་པ་རེད། ཝུན་ཁྲོན་གྱི་བུ་བུ་མོས་ཝུའུ་ཧན་གྱི་སྤུན་ཟླར་བཅངས་པའི་བརྩེ་སེམས་ཟབ་མོའི་དྲིན་ཚོར་གྱི་སྔོ་ཚལ་རླངས་འཁོར་དུ་དབོར་ནས། ཟླ་2ཚེས་4ཉིན་གྱི་ཉིན་གུང་ཝུན་ཁྲོན་རྫོང་སན་ཅང་གྲོང་རྡལ་ནས་ལམ་ལ་ཆས་ཏེ། སི་ཁྲོན་དང་ཁྲུང་ཆིང་། ཧུའུ་པེ་བཅས་ཞིང་ཆེན་དང་གྲོང་ཁྱེར་གསུམ་གྱི་ལམ་ཐག་སྤྱི་ལེ་1300ལྷག་ལ་ཉེ་བར་བརྒྱུད།  སྔོ་ཚལ་སྐྱེལ་འདྲེན་གྱི་རླངས་འཁོར་རུ་ཁག་6ཡོད་པ་དང་ཟོག་འདྲེན་རླངས་འཁོར་ཚང་མར་ཉམས་མྱོང་ཕུན་སུམ་ཚོགས་པའི་ཐག་རིང་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་གཉིས་རེས་རེས་མོས་ངང་གཏོང་རེས་བྱས། རླངས་འཁོར་རུ་ཁག་དེའི་འགན་འཁུར་བ། སན་ཅང་གྲོང་རྡལ་ལུང་ཀྲུའུ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲའོ་ཡུང་གིས་ཀྱང་ཁ་ལོ་བའི་འགན་འཁུར་ཡོད། ཁོས་གསར་འགོད་པར་ཐེངས་འདིའི་ལུང་ཀྲུའུ་གྲོང་ཚོའི་གྲོང་མིས་ཞལ་འདེབས་ཕུལ་བའི་སྒོར་ཁྲི་10བོས་སྔོ་ཚལ་ཉོས་པ་ཡིན་ཟེར། དེ་དང་ཆབས་ཅིག སན་ཅང་གྲོང་རྡལ་ཅེ་གྲོང་ཚོའི་གྲོང་མི་ལི་ཅང་དང་ཚའོ་ཕིང་གྲོང་ཚོའི་གྲོང་མི་ཏེང་མིང་ཧྥུ་ཡིས་མ་དངུལ་སྒོར་ཁྲི་2.2བཏང་ནས་པད་ཚལ་དང་གླང་རྔ་སོགས་སྔོ་ཚལ་རླངས་འཁོར་གང་ཉོས་ནས་ཝུའུ་ཧན་དུ་བསྐྱལ་བ་རེད། གཞན། སན་ཅང་གྲོང་རྡལ་གྱི་ཏང་ཡོན་ལས་བྱེད་པ་དང་གྲོང་མི་ཚོས་མཉམ་དུ་ཞལ་འདེབས་ཕུལ་བའི་བྱམས་སེམས་ཀྱི་སྒོར་ཁྲི་10ཝུའུ་ཧན་གྲོང་ཁྱེར་གྱི་དགེ་སྒྲུབ་སྒྲིག་གཞིའི་རྩིས་ཁྲའི་སྟེང་བསྐུར་ནས་ཝུའུ་ཧན་གྲོང་ཁྱེར་གྱི་གྲོང་དམངས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་རོགས་འདེགས་བྱས་ཡོད།  

           ཟླ་2ཚེས་5ཉིན་གྱི་ཆུ་ཚོད་18སྟེང་།  དྲིན་ཚོར་གྱི་སྔོ་ཚལ་དབོར་སྐྱེལ་གྱི་ལས་འགན་ལེགས་པར་གྲུབ་རྗེས་རླངས་འཁོར་རུ་ཁག་ཚང་མ་གཅིག་ཏུ་འཛོམས་ནས་ཝུན་ཁྲོན་དུ་ཕྱིར་ལོག་པ་དང་ཁ་ལོ་བ་12བོས་རང་འགུལ་ངང་ཉིན་14ཡི་རིང་ཁྱིམ་སྡོད་ཟུར་བཀར་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།