དབྱང་ཁེ་ཉིང་རང་ཁུལ་གྱི་རྫོང་དྲུག་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་གནང་བར་ཕེབས་པ།

རྩོམ་པ་པོ།   བསོད་ནམས་སྐྱིད།དུས་ཚོད།   2020-02-12   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

             ཟླ་2ཚེས་3ཉིན་ནས་ཟླ་2ཚེས་6ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་སྔ་རྗེས་སུ་ཧུང་ཡོན་དང་། མཛོད་དགེ། རྔ་བ། འཛམ་ཐང་། ཆུ་ཆེན། འབར་ཁམས་བཅས་རྫོང(གྲོང་ཁྱེར)དྲུག་ཏུ་ཕྱིན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཞིབ་བཤེར་མཛུབ་སྟོན་བྱས། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གློ་ཚད་གསར་བ་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་མཛུབ་ཁྲིད་དུ་བཟུང་སྟེ། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཨུ། ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་ཀའི་བླང་བྱ་གཞིར་བཟུང་། འགག་རྩའི་གནས་ཀྱི་གཙོ་གནད་མི་ཚོགས་ལ་དམ་པོར་དམིགས་ཏེ་རླངས་འཁོར་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་ལུས་པར་ནུས་ཤུགས་ཡོད་རྒུས་རིམས་ནད་ལ་བཀག་འགོག་བྱེད་དགོས་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲིད་ཇུས་སློབ་གསོར་ཤུགས་སྣོན་རྒྱག་པ། མང་ཚོགས་ཀྱི་འགོག་སྲུང་འདུ་ཤེས་ཟབ་ཏུ་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། མང་ཚོགས་ཀྱི་རང་སྲུང་འདུ་ཤེས་ཟབ་ཏུ་གཏོང་བ་དང་མི་ཚང་མ་དེའི་ནང་ཞུགས་པའི་ཐུན་མོང་གི་ངོས་འཛིན་ཟབ་ཏུ་གཏོང་རྒྱུར་སློབ་སྟོན་བྱས་ནས། ཐུན་མོང་ཐོག་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་སྒོ་ལེགས་པོ་སྲུང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

               རིམས་ནད་བྱུང་བ་ནས་བཟུང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས། མིག་སྔར་རང་ཁུལ་ནི་ཞིང་ཆེན་ཡོངས་ཀྱི་ནད་གཞི་གཏན་འཁེལ་བྱས་པའི་མི་གྲངས་ཆེས་ཉུང་ཤོས་ཀྱི་ཁུལ་ཡིན་པ་དང་། ནང་འདྲེན་རང་བཞིན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ནི་རང་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་ལྷུ་ཚིགས་རེད། དབྱང་ཁེ་ཉིང་གིས་ལས་དོན་གང་དེར་ཚད་མཐོའི་མཐོང་ཆེན་བྱས་ནས། ཉིན་གསུམ་རིང་རྫོང་(གྲོང་ཁྱེར)དྲུག་གི་ཞིང་ཆེན་དང་། ཁུལ། རྫོང་རིམ་པའི་འཕྲོད་བསྟེན་རིམས་འགོག་ཞིབ་བཤེར་ས་ཚིགས་བཅུ་ལྷག་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཞིབ་བཤེར་མཛུབ་སྟོན་བྱེད་པར་ཕེབས་པ་རེད། ས་ཚིགས་གང་དུ་སླེབས་ན། དབྱང་ཁེ་ཉིང་གིས་རང་འགུལ་ངང་ལུས་དྲོད་བརྟག་དཔྱད་བྱེད་དུ་བཅུག་ནས་རང་གི་མིང་དང་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས། དེ་བཞིན་འཕྲོད་བསྟེན་རིམས་འགོག་ཞིབ་བཤེར་ས་ཚིགས་བརྒྱུད་སྐབས་ཀྱི་འགོ་འཛུགས་ས་དང་དམིགས་ས་ཞུས་ནས་སྨན་དོན་མི་སྣ་དང་ཞིང་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པའི་ཞིབ་དཔྱད་ཐོ་འགོད་ལས་དོན་ལ་ཧུར་ཐག་གིས་གཞོགས་འདེགས་བྱས། དེ་དང་ཆབས་ཅིག ཁོང་གིས་ད་དུང་ཐོ་དེབ་ལ་ལྟ་ཞིབ་དང་ཞིབ་བཤེར་ས་ཚིགས་ཀྱི་ལས་དོན་མི་སྣ་དང་ཁ་བརྡ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་འཕྲོད་བསྟེན་རིམས་འགོག་ཞིབ་བཤེར་ས་ཚིགས་ཁག་གི་འགྲོ་འོང་རླངས་འཁོར་ལ་དུག་སེལ་དང་། ས་མཚམས་བརྒལ་མཁན་གྱི་ལུས་པོའི་དྲོད་ཚད་ཞིབ་བཤེར། ཐོ་འགོད་སྙན་ཞུ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་ལྷན་དུ་ཚང་མར་བྱམས་བརྩེའི་འཚམས་འདྲི་ཞུས་པ་རེད། ཁོང་གིས་བསྟན་དོན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་ཡིན། འཕྲོད་བསྟེན་རིམས་འགོག་ཞིབ་བཤེར་ས་ཚིགས་ཁག་ནི་རིམས་ནད་བྱུང་རྒྱུ་སྔོན་འགོག་དང་མཆེད་རྒྱུ་ནན་འགོག་བྱེད་པའི་འགོག་སྲུང་འཛིང་རགས་གལ་ཆེན་ཡིན་པས། ཞིབ་བཤེར་བྱེད་སྐབས་རླངས་འཁོར་གཅིག་ཀྱང་ལུས་མི་རུང་བ་དང་མི་གཅིག་ཀྱང་ལུས་མི་རུང་། ཡ་རབས་ངང་ལས་འགན་སྒྲུབ་པ་དང་ལྷག་བསམ་ཟོལ་མེད་ངང་ཞབས་འདེགས་ཞུས་ཏེ་ཁུལ་ཡོངས་ཀྱི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོང་བྱེད་པའི་རིམས་ནད་ཞིབ་བཤེར་གྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་དགོས།    

                 ཟ་མ་ཅི་འདྲ་རེད། འདུག་ས་དྲོན་པོ་རེད་དམ། འཁྱགས་ཏུ་མ་བཅུག ལུས་པོར་གཟབ་གཟབ་བྱོས་ཞེས་ཞིབ་བཤེར་མཛུབ་སྟོན་བྱེད་རིང་ཁོང་གིས་འཕྲོད་བསྟེན་རིམས་འགོག་ཞིབ་བཤེར་ས་ཚིགས་ཀྱི་ལས་དོན་མི་སྣར་ས་མཐོའི་ས་ཁུལ་གྱི་ཕྱིའི་ནམ་ཟླ་ལ་གྲང་ངར་ཆེ་བ་དང་ཆ་རྐྱེན་དཀའ་ཚེགས་ཆེ་བས་རྒྱུན་གཏན་གྱི་ལས་དོན་འགན་ལེན་བྱེད་པའི་དུས་མཚུངས་སུ་མི་སྒེར་གྱི་འགོག་སྲུང་དང་དྲོད་སྲུང་ལ་ཤུགས་སྣོན་བརྒྱབ་ནས་རང་ངོས་ཀྱི་བདེ་འཇགས་དང་ལུས་ཕུང་བདེ་ཐང་འགན་ལེན་བྱེད་དགོས་པ་དང་། རྫོང་ཁག་གི་རིམ་ཁག་གིས་ལས་གནས་རེས་སྐོར་གྱི་ལས་རེས་ལམ་ལུགས་ལག་བསྟར་ཏན་ཏིག་བྱས་ཏེ་འཐབ་ས་དང་པོའི་ལས་དོན་མི་སྣའི་ལུས་སེམས་བདེ་ཐང་ལ་ཐུགས་ཁུར་བྱས་ནས་མཉམ་འགོག་མཉམ་བཅོས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་དགོས་པ་ཡང་དང་ཡང་དུ་མངགས་བཅོལ་བྱས།

              རང་ཁུལ་ནི་རི་མཐོ་ཞིང་ཡུལ་ཐག་རིང་བས། རོང་འབྲོག་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་འགན་ལ་དཀའ་ཚེགས་ཆེན་པོ་ལྡན། དབྱང་ཁེ་ཉིང་ལམ་རྒྱུད་ཀྱི་གྲོང་ཚོ་མང་བོར་བསྐྱོད་དེ་ཕྱིར་ལོག་མཁན་གྱི་གྲལ་བཤེར་ཐོ་འགོད་རེའུ་མིག་ལ་ལྟ་ཞིབ་དང་ཞིབ་ཚགས་སྒོས་གྲོང་ཚོའི་རིམས་འགོག་དྲིལ་བསྒྲགས་དང་རིམས་འགོག་ས་ཚིགས་ཐོ་འགོད་སོགས་ཀྱི་རིམས་འགོག་ཚོད་འཛིན་ལས་དོན་གྱི་གནས་ཚུལ་ལ་འདྲི་རྩད་གསལ་བོ་བྱས། ཁོང་གིས་བསྟན་དོན། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲིད་ཇུས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། མང་ཚོགས་ཀྱི་འགོག་སྲུང་འདུ་ཤེས་ཟབ་ཏུ་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ། མང་ཚོགས་ཀྱི་རང་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་བར་སློབ་སྟོན་བྱེད་པ། འདུ་འཛོམས་གསོལ་སྟོན་ལ་མི་ཞུགས་པ། ཕྱི་ཕྱོགས་སུ་བསྐྱོད་རྒྱུ་ཉུང་དུ་གཏོང་བ། ཁྱིམ་མཚེས་ཕན་ཚུན་དབར་གྱི་འགྲོ་འོང་་ཉུང་དུ་གཏོང་བ་དང་མི་ཚོགས་འཛོམས་སར་མི་འགྲོ་རྒྱུ་དང་།  དུས་རྒྱུན་ལག་པ་དང་ངོ་གདོང་བཀྲུ་བ། ཕྱི་རུ་འགྲོ་ན་ཁ་རས་གྱོན་པ་དང་ལུས་ཕུང་སྦྱོང་བརྡར་བྱས་ནས་མང་ཚོགས་ཀྱི་བདེ་ཐང་འདུ་ཤེས་དང་ནད་འགོག་ནུས་པ་ཆེ་རུ་གཏོང་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་སྒོས། གྲོང་ཚོ་ཁག་དང་གྲོང་སྡེ་ཁག་གི་སྨན་པ་དང་། གྲོང་ཚོའི་ལས་བྱེད་པ། ཏང་ཡོན། ཡུལ་དམག་སོགས་གཞི་རིམ་གྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ། ཤེས་བྱ་དྲིལ་བསྒྲགས་དང་ཉེན་ཟོན་སྐོར་གཡེང་ལ་ཤུགས་སྣོན་དང་རིམས་ནད་མཆེད་པའི་ཉེན་ཁ་ཆུང་དུ་བཏང་ནས། མི་ཚང་མ་ཞུགས་པའི་ཐུན་མོང་གི་ངོས་འཛིན་གྱིས་མང་ཚོགས་ལ་རིམས་ནད་མཉམ་དུ་འགོག་རྒོལ་བྱེད་པར་སྐུལ་སློང་བྱེད་དགོས།

               མིག་སྔར། རང་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་ཧ་ཅང་དཀོན། རིམས་འགོག་དངོས་རྫས་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་དགོས་མཁོ་ཡང་དབྱང་ཁེ་ཉིང་གིས་དོ་ཁུར་ཆེན་པོ་བྱེད་སའི་གནད་དོན་རེད།

               རྫོང་རེར་སླེབས་པ་ན། དབྱང་ཁེ་ཉིང་གིས་སྨན་བཅོས་དང་ནད་ཡམས་སྔོན་འགོག་ཚོད་འཛིན་སྡེ་ཚན་དུ་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ས་གནས་དེ་གའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་དང་འཚོ་བའི་དངོས་ཟོག་གྲབས་གསོག་དང་མཁོ་སྤྲོད་གནས་ཚུལ་ལ་རྒྱུས་ལོན་བྱས་པ་རེད།  ཁོང་གིས་བསྟན་དོན། མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་རྙོག་འཛིང་ཆེ་བའི་དུས་བབ་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། དངོས་ཟོག་འགན་ལེན་བྱེད་ཤུགས་དང་སྨན་བཅོས་ཐོན་ཁུངས་སྤྱི་འདོམས་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས་སྨན་བཅོས་དངོས་ཟོག་བཀོད་སྒྲིག་དང་ཉོ་སྒྲུབ་བྱེད་པ། གཅིག་སྡུད་དོ་དམ་དང་། གཅིག་གྱུར་བགོ་བཤའ། ཕན་ནུས་ཆེ་བའི་སྒོ་ནས་གཏོང་སྤྲོད་བྱེད་པ། ཆེས་འགག་རྩ་དང་། ཆེས་གལ་ཆེན། ཆེས་དགོས་གཏུགས་ཀྱི་ལས་གནས་སྔོན་ལ་འགན་ལེན་བྱེད་པ། རིམས་འགོག་འཐབ་ཕྱོགས་དང་པོའི་ལས་ཀའི་དགོས་མཁོ་སྔོན་ལ་སྐོང་བ། དུག་སེལ་དང་། ཟུར་བཀར། སྐྱོབ་བཅོས་བཅས་ཀྱི་དགོས་མཁོ་འགན་ལེན་བྱེད་དགོས་པ་དང་། འཚོ་བའི་དངོས་རྫས་མཁོ་སྤྲོད་འདང་ངེས་དང་། སྣ་ཁ་མང་བ། རིན་གོང་བརྟན་པོ་ཡོང་བའི་འགན་ལེན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་དགོས་མཁོ་སྐོང་ཐུབ་པ་བྱེད་དགོས།

              ཞིབ་བཤེར་མཛུབ་ཁྲིད་བྱེད་རིང་དབྱང་ཁེ་ཉིང་གིས་འཕྲོད་བསྟེན་རིམས་འགོག་ཞིབ་བཤེར་ས་ཚིགས་ཁག་ལ་རྩ་འཛུགས་ཀྱིས་མཉམ་སྐྲུན་དང་། ཆ་འཕྲིན་མཉམ་འབྲེལ། ཐོན་ཁུངས་མཉམ་འབྲེལ། རིམས་ནད་མཉམ་འགོག་གི་ལས་ཀའི་བྱེད་ཐབས་ཁག་དོན་འཁྱོལ་བྱས་ནས་འཕྲིན་ཕྲན་ཚོགས་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་འབྲེལ་གཏུག་ནུས་ལྡན་བྱེད་པ་དང་། བསྐྱར་ཟློས་ཀྱི་བརྒྱུད་རིམ་ཉུང་དུ་གཏོང་བ། ཞིབ་བཤེར་ཞིབ་དཔྱད་ཀྱི་ལས་ཆོད་དང་ལས་ཀའི་སྤུས་ཚད་མཐོ་རུ་གཏོང་དགོས་པ་དང་། དོ་དམ་ཚོད་འཛིན་ནན་པོ་བྱ་རྒྱུར་དམ་འཛིན་ལེགས་པོ་བྱས་ནས། དོན་ཐོག་ཏུ་འཁྱོལ་བ་ལྔ་(མི་སྣ་གྲལ་བཤེར་གནད་དུ་འཁེལ་བ་དང་། ལུས་པོའི་དྲོད་ཚད་ཞིབ་དཔྱད་ཚད་ལེན་གནད་དུ་འཁེལ་བ། རླངས་འཁོར་ལ་དུག་སེལ་གནད་དུ་འཁེལ་བ། རིམས་འགོག་དྲིལ་བསྒྲགས་གནད་དུ་འཁེལ་བ། སྤྲོ་སེམས་འཁོལ་བའི་ཞབས་ཞུ་གནད་དུ་འཁེལ་བ)ཐུབ་པ་དང་ཆབས་ཅིག འགྲིམ་འགྲུལ་ཤར་གཏོང་འགན་ལེན་གྱི་ལས་དོན་ལེགས་པོ་བསྒྲུབ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱིས་རྒྱུན་གཏན་གྱི་འགྲིམ་འགྲུལ་སྒྲིག་ལམ་ལ་ཤུགས་རྐྱེན་བཟོ་མི་རུང་ལ། ལྷག་པར་དུ་ཞིང་ཆེན་ལས་བརྒལ་བ་དང་ཁུལ་བརྒལ་བའི་ཞིབ་བཤེར་ས་ཚིགས་དང་འབྲེལ་བ་ཡོད་པའི་རྫོང(གྲོང་ཁྱེར)གིས་རང་འགུལ་ངང་མཐའ་འཁོར་ས་ཁུལ་དང་སྤུན་ཟླའི་གྲོང་ཁྱེར་དང་ཁུལ་དང་སྦྲེལ་མཐུད་བྱས་ཏེ་དུས་ཐོག་ཏུ་གནས་ཚུལ་བརྡ་ཁྱབ་བཏང་ནས། ཞིང་ཆེན་དང་ཁུལ་བརྒལ་བའི་མཐུན་སྦྱོར་མཉམ་འགུལ་གྱི་རྣམ་པ་བཟང་པོ་གཏོད་དགོས།

              དབྱང་ཁེ་ཉིང་གིས་ད་དུང་རྐ་ཆུ་སྡེ་ཁུལ་དང་རང་འབད་མི་རིགས་ཀྱི་གྱོན་ཆས་ལས་སྣོན་བྲིན་ཚོང་མཉམ་ལས་ཁང་གི་རང་བཟོས་ཁ་རས་ཐོན་སྐྱེད་འཁོར་ཁང་ལ་རྟོག་ཞིབ་བྱས་པ་རེད།

              འབྲེལ་ཡོད་རྫོང་གི་རྫོང་སྡོད་ཁུལ་རིམ་པའི་འགོ་ཁྲིད་ཀྱིས་རྫོང་སྡོད་བྱེད་ཡུལ་དུ་ཞིབ་བཤེར་མཛུབ་སྟོན་ལ་ཕེབས་རོགས་ཞུས་པ་དང་ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཡུས་ཀོང་ཡ་དང་། རྫོང་ཁག་གི་ཏང་སྲིད་འགོ་ཁྲིད་བློ་མཐུན་གཙོ་བོས་ཞིབ་བཤེར་མཛུབ་ཁྲིད་ལ་ཕེབས་རོགས་ཞུས་པ་རེད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།