ཏེང་ཞའོ་ཀང་གིས་རྔ་བ་ཁུལ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་མཛུབ་སྟོན་གནང་བ།

རྩོམ་པ་པོ།   བསོད་ནམས་སྐྱིད།དུས་ཚོད།   2020-02-12   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                ཞིང་ཨུས་བཀོད་སྒྲིག་ལྟར། ཟླ་2ཚེས་6ཉིན། ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཨུའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་གནས་ཚུལ་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚོ་དཔོན་གཞོན་པ་ཏེང་ཞའོ་ཀང་རྔ་བ་ཁུལ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་མཛུབ་སྟོན་གནང་བར་ཕེབས་ཤིང་། ཁོང་གིས་ནན་གྱིས་བསྟན་དོན། འདུ་ཤེས་བཞི་ཇེ་ཟབ་ཏུ་གཏོང་བ་དང་གདེང་ཚོད་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་དགོས་ལ།  བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱེད་པ་དང་། ཞིང་ཆེན་ཨུ་ལྷན་གྱི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་ཞིབ་ཕྲ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དམ་འཛིན་ལེགས་པོ་བྱེད་རྒྱུ་དེ་མིག་སྔའི་ལས་དོན་གལ་ཆེ་ཤོས་དང་དགོས་གཏུགས་ཆེ་ཤོས་ཀྱི་ཆབ་སྲིད་ལས་འགན་ལ་བརྩིས་ནས་ས་སྲུང་གི་འགན་འཁྲི་ཡོད་པ་དང་། ས་སྲུང་གི་འགན་འཁྲི་འཁུར་བ། ས་སྲུང་གི་འགན་འཁྲི་གཙང་སྒྲུབ་བཅས་བྱས་ནས། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བ་འགན་ལེན་དང་་རྡོག་རྩ་གཅིག་སྒྲིལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་དགོས།

               ཝུན་ཁྲོན་རྫོང་ཡིང་ཞིའུ་གྲོང་རྡལ་ལམ་རིན་ལེན་ས་ནི་ནད་དུག་ནང་འདྲེན་སྔོན་འགོག་དང་། རྔ་བ་ཁུལ་གྱི་ལྷོ་སྒོ་ཆེན་མོ་སྟེ་འགག་སྒོ་གལ་ཆེན་ཞིག་རེད། ཏེང་ཞའོ་ཀང་གིས་ལམ་རིན་ལེན་ས་རུ་ས་མཚམས་སྒྲོལ་བའི་མི་སྣའི་ལུས་དྲོད་ཞིབ་དཔྱད་ཚད་ལེན་དང་ཆ་འཕྲིན་ཐོ་འགོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ནས། འཐབ་ས་དང་པོའི་སྔོན་འགོག་ཚོད་འཛིན་མི་སྣས་གཏོང་ཕོད་པའི་སྙིང་སྟོབས་ལ་བཀའ་དྲིན་ཆེ་ཞུས་པ་དང་འཚམས་འདྲི་གནང་བ་རེད། ཁོང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དེ་ཁྱབ་ཁོངས་ཁག་དང་ལྷུ་ཚིགས་ཁག་དང་འབྲེལ་ཡོད་པས། ཚོད་འཛིན་གྱི་གཙོ་གནད་དེ་འགྲིམ་འགྲུལ་ཡིན་པ་དང་། སྔོན་འགོག་བྱེད་པའི་འགག་རྩ་ནི་ཁྱིམ་ཚང་དང་། སྡེ་ཁུལ། གཞི་རིམ་ལ་ཐུག་ཡོད་པ་དང་། བཅོས་པའི་རྩ་བ་སྨན་ཁང་ལ་ཐུག་ཡོད་པས། མུ་མཐུད་དུ་ལས་ཤུགས་ཆེར་བསྐྱེད་ཀྱིས་རིམས་ནད་དེ་འགྲིམ་འགྲུལ་ལག་ཆ་དང་མི་ཚོགས་ཟོག་སྐྱེལ་བསྡུ་འགྲེམ་ལྟེ་གནས་ནས་བརྒྱུད་སྒྲོག་བྱ་བར་མཐའ་གཅིག་ཏུ་འགོག་དགོས་ཟེར། ཝུན་ཁྲོན་རྫོང་ཀེང་ཏ་གྲོང་རྡལ་དོམ་ཁྲ་གླིང་ཧྲེན་ཧྲུའུ་ཕིང་རྟེན་གཞིར་ཞིབ་བཤེར་བྱེད་སྐབས། ཁོང་གིས་ཁུལ་དང་རྫོང་གིས་མང་ཚོགས་རྒྱ་ཁྱབ་ངང་ཞུགས་རྒྱུ་སྐུལ་སློང་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་། རྩ་འཛུགས་ཀྱི་ལེགས་ཆ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ལེགས་ཆ་བཅས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ནུས་པ་ཆེན་པོ་ཞིག་ཏུ་བསྒྱུར་ནས། རིམས་འགོག་དངོས་ཟོག་དང་མང་ཚོགས་ཀྱི་འཚོ་བའི་མཁོ་ཆས་འགན་ལེན་ལ་དམ་འཛིན་ལེགས་པོ་བྱས་ཏེ་ཤུགས་རྐྱེན་ཅུང་ཆེར་ཕོག་པའི་ལས་རིགས་དང་གཉེར་སྐྱོང་བ་སོགས་དཀའ་གནད་ལས་བསྒྲལ་རྒྱུར་རོགས་རམ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

            བཙན་ལྷ་རྫོང་སྐུ་བླ་རི་བོ་གྲོང་རྡལ་འཕྲོད་བསྟེན་ཁང་དུ་ཁོང་གིས་འཐབ་ས་དང་པོའི་སྨན་བཅོས་ལས་དོན་པར་འཚམས་འདྲི་བྱས་ནས་སྨན་དོན་མི་སྣར་རང་སྲུང་ལ་ཤུགས་སྣོན་རྒྱག་པ་དང་འགོ་ནད་ཕན་ཚུན་འགོ་རྒྱུ་སྔོན་འགོག་བྱེད་དགོས་པའི་མངགས་བཅོལ་བྱས། ཏེང་ཞའོ་ཀང་གིས་ནན་གྱིས་བསྟན་དོན། རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ལེགས་པོ་བྱེད་པ་དང་ཆབས་ཅིག བཅོས་སྒྱུར་འཕེལ་རྒྱས་བརྟན་ལྷིང་གསུམ་གྱི་ལས་དོན་སྤྱི་འདོམས་ལེགས་པོ་བསྒྲུབ་པ་དང་། ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་དང་དཔྱིད་རྨོད་རྨོད་གྲབས་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྒྲིག་འཛུགས་བྱེད་པ། ཁྱད་པར་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་བྲལ་གནད་སྒྲོལ་གྱི་གཙོ་གནད་ལས་འགན་ལ་དམ་འཛིན་ལེགས་པོ་བྱས་ཏེ་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་འགན་ལེན་བྱེད་དགོས།   

           ཁུལ་ཨུའི་ཧྲུའུ་ཅི། ཁུལ་ཨུའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་གནས་ཚུལ་གྱི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚོ་དཔོན་ལིའུ་ཕིང་དང་། ཁུལ་ཨུའི་རྒྱུན་ཨུ་དང་། དྲུང་ཆེ། ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་། འགོ་ཁྲིད་ཚོ་ཆུང་གི་ཁོངས་མི། ཁུལ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་གནས་ཚུལ་གྱི་འཕྲལ་སྡོམ་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་གཞོན་པ་ལིའུ་པོ་ཐའོ་བཅས་ཀྱིས་ཕེབས་རོགས་བྱས་པ་རེད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།